དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད།
བཀའ་ཤག་དང། བཀའ་བློན་ཟེར་བའི་མིང་ཚིག་གི་ཐ་སྙད་དེ་དག་དགའ་ལྡན་ཕོ་བྲང་གཞུང་གི་སྒྲིག་འཛུགས་ཀྱི་བརྒྱུད་རིམ་ནས་བྱུང་བ་ཞིག་མིན་པ་ཡིན་ནམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༤༠ ཕྱི་ལོ་༢༠༡༡།༧།༦ འཁོད་པའི་ནང་། བྱང་ཨ་རིར་བཅའ་བཞུགས་མཁས་དབང་ཏྲེ་ཧོར་གདོང་ཐོག་རིན་པོ་ཆེའི་དཔྱད་རྩོམ། འགོ་བརྗོད་དུ་སྲིད་འཛིན་དང། སྲིད་བློན་ཟེར་བ་འཐད་ཆེ་བར་སེམས་ཞེས་པའི་རྩོམ་ཡིག་དེ་འགོ་ནས་མཇུག་བར་ཐེངས་གཅིག་ཀློག་རྒྱུའི་དུས་ཚོད་བཏང་སྐབས། རང་ཉིད་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཀྱི་ནང་དུ་ཡོད་པའི་ཁ་ཡར་འཁོར་ནས་སྡོད་མཁན་གྱི་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ང་ལ་བསམ་ཚུལ་གང་བྱུང་བ་དེ་འདིར་གླེང་འདོད་བྱུང། ལོ་ངོ་༣༧༠ མ་ཟིན་ཙམ་གྱི་དོན་སྙིང་ལྡན་ལ་གཟི་བརྗིད་ཆེ་བའི་རླབས་ཆེན་གྱི་ལོ་རྒྱུས་བཙན་པོ་ཡོད་པའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དེ། ང་ཚོ་བོད་མི་རང་ཉིད་ནས་དགའ་བཞིན་སྤྲོ་བཞིན་ངང་ཚ་ཚ་འུར་འུར་གྱིས་ནུས་མེད་དུ་བཞག་ནས། བཅའ་ཁྲིམས་ནང་དུ་གསལ་བའི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་༣༩ ཙམ་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱི་ཐོག་ནས་བསྐྱར་བཅོས་གནང་གྲུབ་ནའང། བཀའ་ཤག་དང། བཀའ་བློན་ཟེར་བའི་མིང་ཚིག་གི་ཐ་སྙད་དེ་དག་དགའ་ལྡན་ཕོ་བྲང་གཞུང་གི་སྒྲིག་འཛུགས་ཀྱི་བརྒྱུད་རིམ་ནས་བྱུང་བ་ཞིག་མིན་པའི་ཚད་ཐུབ་ཀྱི་ཁུངས་སྐྱེལ་ར་སྤྲོད་བཀའ་སྤྱི་གཉིས་ནས་གནང་རྒྱུ་ཡོད་ན་ལས། དེ་མིན་རིན་པོ་ཆེ་ནས་གསུངས་པ་བཞིན་བོད་མིའི་སྒྲིག་འཛུགས་ལ་བཀའ་ཤག་དང། བཀའ་བློན་ཟེར་བའི་མིང་ཚིག་དེ་དག་རང་འཇགས་བཞག་ན་ཕྱོགས་གང་ནས་བལྟས་ཀྱང་རུང། ཕྱོགས་གང་ནས་ཉན་ཡང་རུང། དགའ་བསུ་ཞུ་མི་ཐུབ་པ་དེ་ལོ་རྒྱུས་ཀྱི་ངོས་སྤྲད་པའི་བྱུང་རིམ་ནས་གསལ་རྒྱུ་ལས། རིག་པ་རྩལ་དུ་བཏོན་ནས་འགྲེལ་བཤད་རིང་ཙམ་ཐུང་ཙམ་བརྒྱབ་ཐུབ་པ་ཙམ་གྱིས་ལོ་རྒྱུས་ལ་གསལ་ཆ་དོད་མི་ཐུབ་པ་དང་། སྲིད་དོན་ཚན་རིག་གི་ལྟ་གྲུབ་ལ་ཡིད་ཆེས་དང་ཁས་ལེན་ཞུ་མཁན་ཞིག་ཡིན་ན་དོན་ལ་གནས་མི་ཐུབ།
རིན་པོ་ཆེ་ནས་གསུངས་པའི་སྲིད་འཛིན་དང། སྲིད་བློན་གྱི་མིང་ཚིག་ཐོབ་པ་ལ་དང་པོ་རྒྱལ་ཁབ་(Nation)དང། གཉིས་པ་སྲིད་གཞུང་(State)གི་ཆ་རྐྱེན་ཚང་བའི་སྤྱི་ཚོགས་ཤིག་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་(President of Nation)དང་། སྲིད་གཞུང་གི་སྲིད་བློན་(Preme Minister of State)གྱི་མིང་ཚིག་འདི་དག་ཐོབ་པ་ལས། ང་ཚོ་ལ་གོང་གི་མིང་ཚིག་གཉིས་ཀ་འཇུག་སའི་ཡུལ་མེད་པ་མ་ཟད། བཅའ་ཁྲིམས་ནང་དུ་གསལ་ཐུབ་མེད་ན་ཕྱིའི་རྒྱལ་ཁབ་དང་སྲིད་གཞུང་གང་གིས་ཀྱང་ངོས་ལེན་མེད་སྟབས། དེ་བས་འོས་ཤིང་འཚམས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཅེས་བཏགས་ན་དོན་ལ་གནས་ཐུབ་པ་དང་། ལོ་རྒྱུས་དང་དཀྱོག་མཚམས་ཀྱི་ཁྲིམས་མཐུན་ཞིག་ཏུའང་ཁ་ཕྱོགས་ཐུབ།
༧གོང་ས་མཆོག་གིས་ཀྱང་བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཅེས་བཀའ་གསལ་པོ་ཕེབས་འདུག་ན་འདིར་བློ་ལྡན་བོད་མི་ཚང་མས་མང་གཙོ་དང། ཁྲིམས་ཀྱི་དབང་བསྒྱུར་བྱུང་རིམ་གྱི་ལོ་རྒྱུས་ལ་འགན་ཁུར་ནས་བསམ་གཞིག་ནན་པོ་གནང་དགོས་པ་དེ་ལོ་རྒྱུས་དཀྱོག་མཚམས་ཀྱི་འགྱུར་བ་ལ་བཅུད་ལེན་གྱི་བྲོ་བ་མྱོང་དགོས་པ་དེ། རང་དབང་མང་གཙོའི་སྒྲིག་འཛུགས་ཀྱི་ནང་དུ་ཡོད་པའི་མི་མང་གི་གཡོལ་ཐབས་མེད་པའི་ལས་འགན་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། བོད་མི་རིགས་ཀྱི་ལས་དབང་དུ་འཕྲད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ལ་འགན་ཁུར་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདི་ཡིས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་དང་དྲང་བདེན་མང་གཙོ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་འོག་མདུན་བསྐྱོད་ཐུབ་པར་ཆུ་ཐིིགས་ཙམ་དུ་སྨིན་པའི་བསྔོ་བ་མང་ཙམ་བགྱིས་ཆོག།
ཀོ་ལི་གྷལ་གཞིས་ཆགས། གཞུང་པ་ཚེ་དབང་བསོད་ནམས།
{jcomments on}