བལ་ཡུལ་གྱི་ཡུལ་མི་མིག་དམར་བླ་མ་ལགས་སུ་བཅར་འདྲི།
བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ནང་པའི་མི་རིགས་ཁག་དུ་མ་ཡོད་པ་དང་། བླ་མ་ཞེས་པ་ཡང་དེའི་ཁོངས་ནས་གཅིག་ཡིན་པར། མིག་དམར་བླ་མ་ནི་བོད་ཀྱི་མཐའ་མཚམས་སྐྱིད་གྲོང་དང་ས་འབྲེལ་བལ་ཡུལ་མཐའ་མཚམས་རཱ་སོ་ཝ་རྫོང་ཁོངས་སུ་འཚར་ལོངས་བྱུང་བ་དང་། ཁོང་ཚོའི་འཚོ་ཐབས་གཙོ་བོ་ཞིང་ལས་ཡིན་འདུག། ད་ཆ་ཁོང་བཟའ་མི་གཉིས་བལ་ཡུལ་གྱི་རྒྱལ་སར་གནས་སྤོས་བྱས་ཏེ་དེང་རབས་ཞིང་ལས་ལག་རྩལ་གྱི་ཤ་མོང་བཏབ་ནས་འཚོ་བ་སྐྱེལ་བཞིན་པ་རེད།
དྲི་བ། ཁྱེད་དང་ཁྱེད་རང་གི་ནང་མིའི་སྐོར་ངོ་སྤྲོད་མདོ་ཙམ་གནང་རོགས།
ལན། སྤྱིར་ང་ཚོའི་ཕ་ཡུལ་ཡིན་ན་བལ་ཡུལ་གྱི་མཐའ་མཚམས་ས་ཆ་རཱ་སོ་ཝ་ཞེས་བའི་རྫོང་ཁོངས་སུ་གཏོགས་ཡོད། ས་གནས་ཡུལ་མིའི་འཚོ་ཐབས་ཞིང་ཁ་ལ་བརྟེན་ཡོད། ད་དུང་བ་ཕྱུགས་རེ་ཟུང་ཉར་མཁན་ཡང་ཡོད་པ་རེད། འོན་ཀྱང་ཡུལ་མི་ཚོའི་འཚོ་བ་ཧ་ཅང་སྐྱོ་བོ་ཡོད་སྟབས། ས་གནས་ཡར་རྒྱས་དེ་ཙམ་མེད་པས་འཚོ་ཐབས་ཡག་པོ་ཞིག་ལ་རེ་བ་བྱས་ནས་འདིར་ཡོང་བ་ཡིན། ད་ཆ་བལ་ཡུལ་གྱི་རྒྱལ་སར་སླེབས་ནས་ལོ་བཞི་ལྷག་ཕྱིན་སོང་།
དྲི་བ། འཚོ་ཐབས་ཞིང་ལས་ཆེད་འབྲུ་རིགས་ག་རེ་འདེབས་སྲོལ་ཡོད་དམ།
ལན། གཙོ་བོ་ནས་དང་། མ་རྨོས་ལོ་ཏོག ཞོག་ཁོག གྲོ། ཀེ་ཚེ་སོགས་འདེབས་ཀྱི་ཡོད་པ་རེད། དེང་སང་ཞིང་ལས་འདེབས་ཚད་ཇེ་སྡུག་ལ་སོང་བ་དང་། དེའི་ཐོག་རི་ཕག་གིས་ཞིང་ཁ་ཆ་ཚང་འཕྲོ་བརླགས་བཏང་སྟེ་སྟོན་ཐོག་བསྡུ་རྒྱུ་མེད་པར་གྱུར་བའི་དཀའ་ངལ་དེ་འདྲ་ཡང་ཡོང་གི་ཡོད། དེར་བརྟེན་དེང་སང་ཡུལ་མི་ཕལ་ཆེ་བ་ཞོར་ལས་དང་དབྱར་རྩྭ་བརྐོ་རུ་འགྲོ་ཡི་རེད།
དྲི་བ། ཁྱེད་རང་དབྱར་རྩྭ་བརྐོ་བའམ་ཞོར་ལས་སོགས་སུ་འགྲོ་མྱོང་ངམ།
ལན། ང་རང་ད་བར་དུ་འགྲོ་མ་མྱོང་།
དྲི་བ། རཱ་སོ་ཝ་རྫོང་ཁོངས་སུ་བལ་བོའི་མི་རིགས་མང་པོ་རེད་དམ། ཡང་ན་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་མི་རིགས་མང་གི་རེད།
ལན། སྤྱིར་བཏང་ཡིན་ན་རཱ་སོ་ཝ་རྫོང་ཁོངས་སུ་མང་ཤོས་བལ་པོའི་མི་རིགས་རེད། འོན་ཀྱང་བོད་ས་ཤོར་བའི་རྗེས་སུ་བལ་བོད་ས་འབྲེལ་དུ་ཡོད་པའི་བོད་མི་མང་དག་ཅིག་རིམ་པས་ཐབས་ཤེས་མ་རྙེད་པར་རྒྱལ་ཁོངས་སུ་འཛུལ་བ་དང་། ཆབ་སྲིད་ཀྱི་རྐྱེན་ད་ཆ་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་དང་བལ་ཡུལ་རྒྱལ་ཁོངས་ཀྱི་མི་སེར་ཆགས་པ་མང་པོ་བྱུང་ཡོད།
དྲི་བ། ཁྱེད་རང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་གང་ཡིན།
ལན། ང་ཚོའི་ཁྱིིམ་རྒྱུད་མཆེད་ཁོངས་བོད་རེད། ད་ལྟ་ཆབ་སྲིད་འགྱུར་བའི་རྐྱེན་བལ་ཡུལ་མི་སེར་ཡིན་པ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བླ་མ་ཞེས་པའི་ཁོངས་རེད། ཡིན་ན་ཡང་ངེད་ཅག་གི་ལུང་པའི་ཆས་གོས་སྤེལ་སྟངས་ཡིན་ན་སྔ་མ་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་གཅིག་པ་ཡིན་དུས། དེང་སང་ད་དུང་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་མ་དོར་བར་མུ་མཐུད་གནས་བསྡད་ཡོད། ཡང་སྒོས་སུ་གྲོང་མིའི་ཁྱིམ་ཚང་རེ་རེ་བཞིན་ཁང་པའི་བཟོ་བཀོད་དང་ཁྱིམ་ཆས་སྒྲིག་སྟངས། མཆོད་བཤམས་སོགས་ཀྱི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཆེན་པོ་སྒྲིག་གཤོམ་བྱས་ཏེ་དད་གུས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
དྲི་བ། འདིར་བལ་ཡུལ་གྱི་རྒྱལ་ས་རུ་འཚོ་ཐབས་གཙོ་བོ་གང་འདྲ་བྱེད་ཀྱི་ཡོད་དམ།
ལན། ངའི་བཟའ་ཟླ་ངེད་གཉིས་ལ་ཕྲུ་གུ་བཞི་ཡོད་ལ། དམིགས་བསལ་ངེད་ཅག་ཚང་མར་རིག་གནས་མེད་པས་ལས་ཀ་འཚོལ་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་བྱུང་། རྗེས་སུ་འཕགས་ཤིང་རྣམ་རྒྱལ་སྲང་བར་ནས་ཟས་རིགས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ནས་བསྡད་པ་ཡིན་མོད། ཚོང་ཁང་དེ་ལོ་གསུམ་ལ་གཉེར་ཡང་ཚོང་ཡག་པོ་བྱུང་མ་སོང་། ཐ་ན་ཕྲུ་གུ་སློབ་ཞུགས་དང་ཁྱིམ་ཚང་གི་འགྲོ་གྲོན་མ་འདང་པའི་དཀའ་ངལ་ཤུགས་ཆེན་འཕྲད་མྱོང་། དེ་ནས་ད་ལྟ་ཤ་མོང་འདེབས་འཛུགས་ཉར་ཚགས་བྱེད་བཞིན་པ་ཡིན།
དྲི་བ། ཁྱེད་རང་གིས་ཤ་མོང་ཉར་ཚགས་བྱེད་རྒྱུའི་བསམ་བློ་གང་འདྲ་འཁོར་སོང་། ད་བར་ལོ་ག་ཚོད་འགོར་སོང་།
ལན། ངའི་གྲོགས་པོ་ངོ་ཤེས་ཤིག་གིས་སྔོན་མ་ནས་ཤ་མོང་ཉར་ཚགས་ཀྱི་ལས་ཀ་བྱེད་བཞིན་པ་རེད། ཁོང་གིས་འདིར་ཤ་མོང་ཉར་ཚགས་བྱེད་མཁན་དེ་ཙམ་མང་པོ་མེད་པས། དེ་ལྟར་བྱེད་ཐུབ་ན་ཚོང་ཡག་པོ་ཡོད་སྐོར་གསུངས་སོང་། དེ་ནས་དངུལ་ཁང་ནས་བུ་ལོན་གཡར་ཏེ་ལས་ཀའི་འཆར་གཞི་ཡོངས་རྫོགས་གྲ་སྒྲིག་དང་འགོ་བཙུགས་པ་ཡིན། ད་བར་ཟླ་བདུན་ལྷག་ཕྱིན་སོང་།
དྲི་བ། ཤ་མོང་འདེབས་པ་དང་ཉར་ཚགས་བྱེད་པར་དཀའ་ངལ་གཙོ་བོ་གང་འདུག། ཆ་རྐྱེན་གཙོ་བོ་ག་རེ་དགོས་ཀྱི་འདུག
ལན། སྤྱིར་བཏང་ཤ་མོང་གི་ལས་ཀ་བྱེད་རྒྱུ་དེ་ནི་ཧ་ཅང་གིས་དཀའ་ལས་ཁག་པོ་རེད། དེ་ལ་གནམ་གཤིས་དྲོ་གྲང་ཧ་ཅང་རན་པོ་ཞིག་དགོས་ངེས་ཡིན་དུས། ཤ་མོང་ཉར་ཚགས་བྱེད་མ་ཤེས་ན་མི་སྐྱེས་པ་དང་རུལ་བ་སོགས་ཀྱི་དཀའ་ངལ་མང་པོ་ཡོང་གི་འདུག དེ་ནས་གཙོ་བོ་ས་ཆ་ཡག་པོ་ཡོད་ཐོག རྩྭ་ཁང་དྲོད་གྲང་རན་པོ་ཞིག་དང་འགྱིག་སྒམ། འགྱིག་ཤོག སྨྱུག་མ། རྩྭ་སོགས་མང་པོ་ཞིག་དགོས་ཀྱི་རེད།
དྲི་བ། དེ་ནས་ཤ་མོང་ཚོང་འགྲེམས་ཅི་ལྟར་བྱེད་ཀྱི་ཡོད།
ལན། ཡག་པོ་སྐྱེས་པ་དང་ཤ་མོང་ཁྲོམ་རྭར་སྡེབས་ཚོང་བྱེད་ཀྱི་ཡོད། ད་བར་ཐེངས་གཉིས་བཙོང་ཐུབ་སོང་། ལྷག་དོན་ཤ་མོང་གི་ལས་ཀ་བྱས་ན་འཚོ་བའི་འགྲོ་གྲོན་འདང་ཙམ་ཡོང་གི་འདུག
དྲི་བ། སྡེབས་ཚོང་ཐེངས་རེར་ཤ་མོང་ག་ཚོད་ཡོང་གི་འདུག། གོང་ག་ཚོད་རེད།
ལན། ད་བར་ཁྱོན་བསྡོམས་ཤ་མོང་སྤྱི་རྒྱ་ཉིས་སྟོང་ཙམ་ཁྲོམ་རར་སྡེབས་ཚོང་བྱས་པ་ཡིན། སྤྱི་རྒྱ་རེར་སྐབས་རེར་བལ་སྒོར་༧༥ཙམ་དང་སྐབས་རེར་༨༠ ཙམ་སྤྲོད་ཀྱི་ཡོད་པ་རེད།
དྲི་བ། ཤ་མོང་འདེབས་པའི་ལག་རྩལ་དེ་འཚོ་ཐབས་ཡག་པོ་འདུག་གམ།
ལན། སྔོན་མ་ཚོང་ཁང་བཟུང་བ་ལས་ཡག་པ་འདུག། ད་ལྟ་ཡིན་ན་མང་པོ་གསོག་རྒྱུ་མེད་ཀྱང་ཁྱིམ་ཚང་ལ་སྔོན་མ་བཞིན་དཀའ་ངལ་མེད་པར་གྱུར་སོང་།
དྲི་བ། ཁྱེད་རང་ལ་ཕྲུ་གུ་ག་ཚོད་ཡོད། སློབ་གྲྭར་སྐྱེལ་བཞིན་ཡོད་དམ།
ལན། ཕྲུ་གུ་བཞི་ཡོད། བལ་བོའི་སློབ་གྲྭར་བཏང་ན་སློབ་ཡོན་སོགས་ཅུང་ཁེ་བོ་འདུག ཡིན་ནའང་བོད་པའི་ཡུལ་སྲོལ་གོམས་གཤིས་མ་ཤོར་བའི་ཐོག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་སྤྱངས་ཐུབ་ཚེ་ཧ་ཅང་ཡག་པོ་འདུག་བསམ་ནས། ཕྲུ་གུ་ཚང་མ་རྣམ་རྒྱལ་སློབ་གྲྭར་བསྐྱོད་བཞིན་ཡོད། མ་འོངས་པ་ཡིན་ན་མུ་མཐུད་དུ་རྡ་རམ་ས་ལར་སློབ་ཞུགས་བྱེད་ཐུབ་རྒྱུའི་རེ་བ་རྒྱག་བཞིན་པ་ཡིན།།
བལ་ཡུལ་ས་གནས་གསར་འགོད་པས་བཅར་འདྲི་བྱས།
{jcomments on}