རྟ་རྒྱུག་ཆུ་ལེན་བོད་ལ་སླེབས།

__བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་པོ་གླེང་བ།

ཝང་བེ་ལོའུ་ཡིས་བརྩམས། 
འབྲོག་མྱིས་བསྒྱུར།

རྟ་རྒྱུག་ཆུ་ལེན__རྟ་རྒྱུག་ཆུ་ལེན་ཞེས་པའི་ཚིག་འདི་རྟ་རྒྱུག་ས་ལེན་ཞེས་པའི་རྒྱའི་གཏམ་དཔེ་དེ་ལས་འགྱུར་པ་དང༌།  གཏམ་དཔེ་དེའི་ཡོངས་ཁུངས་ནི་ཆིན་རྒྱལ་རབས་དུས་སུ་ཤོག་ཁག་བརྒྱད་ཀྱི་སྐུ་དྲག་རྣམས་རྒྱ་ནག་ནང་འཛུལ་དུས་རྟ་རྒྱུག་ནས་བསྐོར་བའི་ས་ཆ་རང་ལ་དབང་བའི་ས་ཞིང་ལེན་པའི་ཚུལ་ལ་ཟེར། རྟ་རྒྱུག་ས་ལེན་གྱི་ཚུལ་འདི་དེ་སྔོན་ཡུ་རོབ་པ་ཚོ་བྱང་ཨ་རིའི་ས་སྟེང་དུ་སླེབས་རྗེས་ཀྱང་གཅིག་མཚུངས་ཀྱིས་བྱུང་ཡོད། ད་ལྟ་རྟ་རྒྱུག་ས་ལེན་ཞེས་པའི་གཏམ་དཔེ་འདི་ཚོང་ར་འཕེལ་རྒྱས་ཁྲོད་ཚོང་ལས་ཁེ་གཉེར་ལས་ཁང་གིས་མ་རྐང་འཛུགས་འཇོག་དང། ཟླ་སྒྲིལ། ཁེ་གཉེར་ཡན་ལག་ལས་ཁང་འཛུགས་པ་སོགས་ཀྱི་ལམ་ནས་ཚོང་ར་བཙན་འཛིན་ལ་གོ་ཞིང་། རྩ་བའི་ཆ་ནས་རང་ལ་མི་དབང་བ་ཞིག་དང་འབྲེལ་བ་མེད་པ་ཞིག་བཙན་བཟུང་བྱས་པར་གོ། རྟ་རྒྱུག་ཆུ་ལེན་ཞེས་པ་ནི་དེང་སང་རྒྱ་ནག་གི་དཔོན་རིགས་དང་ཚོང་པ་བསྡོངས་ནས་བོད་ཀྱི་གཙང་པོ་ཆེ་ཆུང་ཀུན་ལ་ཆུ་མཛོད་དང་ཆུ་གློག་འཛུགས་སྐྲུན་གྱི་ལས་རིགས་ཧམ་པས་སྤེལ་གྱིན་པར་གོ།

——བསྒྱུར་མཁན་གྱི་མཆན།

བོད་རང་སྐྱོང་ལྗོངས་སུ་ཆུ་གློག་ས་ཚིགས་དང་པོའི་ལས་འགོ་ཚུགས།
ཕྱི་ལོ་༢༠༡༠ ལོའི་ཟླ་༡༡ པའི་ཚེས་༡༢ ཉིན་བོད་ཀྱི་རྫམ་ཆུ་གློག་ས་ཚིགས་སུ་ཡར་ཀླུང་གཙང་པོའི་ཆུ་འགོག་ཆུ་རགས་མཐུད་པའི་ལས་དོན་ཡོངས་སུ་ལེགས་པར་འགྲུབ། རྒྱ་ནག་སྐམ་ས་ཆེན་པོར་འཚོ་སྡོད་རྒྱ་ནག་མི་མང་གིས་གནས་ཚུལ་འདི་ལ་མཉམ་བཞག་མེད། འོན་ཀྱང༌། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེར་དོ་སྣང་ཆེན་པོ་བྱས་ཡོད།
རྫམ་ཆུ་གློག་ས་ཚིགས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆུ་གློག་ས་ཚིགས་ཆེ་རིགས་དང་ཐོག་མ་དེ་ཡིན་ལ། ཡར་ཀླུང་གཙང་པོར་བསྐྲུན་པའི་ཆུ་གློག་ས་ཚིགས་ཆེ་རིགས་དང་ཐོག་མ་དེའང་ཡིན། རྫམ་ཆུ་གློག་ས་ཚིགས་སུ་བཙུགས་པའི་གློག་འདོན་འཕྲུལ་ཆས་ཀྱི་ཤོང་ཚད་ཆུ་གློག་ཆེ་གྲས་དང་བསྡུར་ན་ཆེན་པོ་ཞིག་མིན་ལ། དེར་སྟོང་ཝ་འབུམ་༥ དང་ཁྲི་༡ ལས་མེད། ཡིན་ན་ཡང༌། ཆེ་དང་ཆུང་ནི་ལྟོས་ས་ལྟོས་འཇོག་ཙམ་ཡིན་ལ། དོན་དངོས་སུ་རྫམ་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་བཟོ་སྐྲུན་ལས་དོན་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།  རྫམ་ཆུ་གློག་ས་ཚིགས་མདོ་དབུས་མཐོ་སྒང་དུ་འཁྲུངས་པའི་དུས་དེ་ནས་བཟུང་རྒྱ་ནག་གི་སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་གི་ས་ཁོངས་སུ་ཆུ་རགས་ཀྱིས་བཅད་མེད་པའི་ཆུ་བོ་ཞིག་ལྷག་མེད་པས། རང་བྱུང་ཆུ་བོ་ནི་རྒྱ་ནག་ལ་མཚོན་ན་འདས་ཟིན་པའི་ཁ་སང་གི་ལོ་རྒྱུས་སུ་གྱུར།
གཅིག་བྱས་ན་དེ་རིང་གི་མི་རྣམས་ཀྱིས་རང་བྱུང་གི་ཆུ་བོ་རྨེག་མེད་དུ་སོང་བས་རྒྱ་ནག་གི་སྐྱེ་ཁམས་ཁོར་ཡུག་ལ་ཁ་གསབ་ཐབས་མེད་པའི་གོད་ཆག་བཟོས་པར་ངེས་ཤེས་སྐྱེ་མི་ཐུབ། འོན་ཀྱང་ལོ་འགའི་རྗེས་སུ། ཡང་ན་ལོ་ངོ་བཅུ་ཕྲག་འགའི་རྗེས་སུ། རྒྱ་ནག་པའི་བུ་རབས་ཚ་རྒྱུད་ཚོས་ཁོང་ཚོ་འཚོ་གནས་བྱེད་སའི་རྨང་གཞིར་གཏོར་བརླག་བཏང་བའི་ནོར་འཁྲུལ་ཅན་གྱི་ཐབས་ཇུས་འདིའི་རིགས་ལ་སུན་འབྱིན་དང་དམོད་མོ་བྱ་ངེས་ཡིན།

 

བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོ་འགོ་བརྩམས་པ།
རྫམ་ཆུ་གློག་ས་ཚིགས་ཀྱི་ཆུ་འགོག་ཆུ་རགས་མཐུད་པ་དང་མཉམ་དུ་བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོ་འགོ་བརྩམས་པའི་དུང་བརྡ་བརྒྱབ། རྒྱ་ནག་ཆུ་གློག་གསར་སྤེལ་ཆེན་མོའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། དང་ཐོག་ཧོའེ་ཧོ་ཆུ་བོ་(淮河)དང་ཧའེ་ཧོ་ཆུ་བོའི་(海河)ཆུ་རྒྱུན་འབབ་ཡུལ་ཁག་ཏུ་གཅིག་བསྡུས་བྱས་ཡོད། རྨ་ཆུའི་སན་མིན་ཞཱ་ཆུ་གློག་བཟོ་སྐྲུན་གྱི་ཕམ་ཁ་ནི་ཆུ་གློག་ས་ཚིགས་ཆེ་རིགས་འཕེལ་རྒྱས་སྲིད་ཇུས་ཀྱི་ནོར་འཁྲུལ་ལས་བྱུང་བའི་ལྡོག་ཏུ་མེད་པའི་མཇུག་འབྲས་ཡིན། དང་ཐོག་ཆུ་གློག་གསར་སྤེལ་བྱེད་ཡུལ་ཧོའེ་ཧོ་ཆུ་བོ་དང་། ཧའེ་ཧོ་ཆུ་བོའི་ཆུ་རྒྱུན་འབབ་ཡུལ་ཁག་ནི་དེ་རིང་རྒྱ་ནག་གི་ཆུའི་འཇིགས་ཉེན་ཤིན་ཏུ་ཆེ་བའི་ས་ཁུལ་དུ་གྱུར་ཡོད། འབྲི་ཆུའི་འགག་མདོ་གསུམ་བཟོ་སྐྲུན་གྱི་འཛུགས་སྐྲུན་ནི་སི་ཏ་ལེན་བསམ་བློ་ཅན་གྱི་ཆུ་གློག་འཕེལ་རྒྱས་སྲིད་ཇུས་ཡང་བསྐྱར་འཇིག་རྟེན་མི་ཡུལ་དུ་མངོན་པ་ཙམ་ལས་མ་འདས་ལ། ནུབ་ཕྱོགས་གསར་སྤེལ་ཆེན་མོ་ཞེས་པ་དེ་སི་ཁྲོན་གྱི་ཙི་ཕེན་ཕུ་ཆུ་རགས་ཆེན་མོའི་འཛུགས་སྐྲུན་གྱིས་མཚོན་ཡོད། ད་ལྟ་ཡུན་ནན། ཀོས་ཀྲིག སི་ཁྲོན། ཧྲན་ཞི། ཀན་སུའུ། མཚོ་སྔོན་ཞིང་ཆེན་སོགས་སུ་ཆུ་གློག་ས་ཚིགས་ཆེ་རིགས་ཁག་ཚ་ཚ་ངར་ངར་ངང་འཛུགས་སྐྲུན་བྱས་དང་བྱེད་མུས་ཀྱི་སྒང་ཡིན།

ཆུ་གློག་ས་ཚིགས་ཆེ་རིགས་འཛུགས་སྐྲུན་གྱི་འགྲོས་དང་བསྟུན་ནས། དྲག་ཤེད་ངང་བཤིག་སྤོ་དང༌། མི་དམངས་ཀྱི་ངོ་རྒོལ་ལ་དྲག་ཤེད་ཀྱིས་བཙན་གནོན་བྱས་པའི་དོན་རྐྱེན་རིགས་བྱུང་ཡོད་པའི་ནང་ཆེས་སྐད་གྲགས་ཅན་གཉིས་ནི་༢༠༠༨ ལོ་དང་༢༠༡༠ ལོར་ཧན་ཡོན་རྦབ་ཆུ་ལུང་པར་བྱུང་བའི་དྲག་པོའི་དོན་རྐྱེན་ཡིན། ཡིན་ན་ཡང༌། མི་དམངས་ཀྱིས་ལྷག་པར་དུ་དོན་རྐྱེན་དང་འབྲེལ་བའི་བཤིག་སྤོ་མི་དམངས་ཚོའི་ངོ་རྒོལ་གྱིས་ཆུ་གློག་ས་ཚིགས་ཆེ་རིགས་འཛུགས་སྐྲུན་གྱི་གོམ་སྟབས་འགོག་ཐུབ་མེད། དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་རེད། དེ་ནི་ཆུ་གློག་གསར་སྤེལ་གྱི་ཁེ་སྤོགས་ཆེ་དྲགས་པས་རེད། རྒྱ་ནག་དམངས་ཁྲོད་ཀྱི་ཟམ་པ་གསེར། གཞུང་ལམ་དངུལ། ཆུ་རགས་རྡོ་རྗེ་ཕ་ལམ་ཞེས་པའི་འཕྱ་དམོད་བྱིས་གླུ་འདིས་གསོན་ཉམས་ལྡན་པའི་ངང་གཞུང་ལམ་འཛུགས་སྐྲུན་དང་ཟམ་པ་འཕེན་པ། ཆུ་རགས་རྒྱག་པ་བཅས་ཀྱི་ཁེ་སྤོགས་ཀྱི་ཆེ་ཆུང་དང་ཁྱད་པར་གསལ་པོར་བསྟན་ཡོད། ཁེ་སྤོགས་དེ་རྡོ་རྗེ་ཕ་ལམ་གྱི་ཚད་རིམ་ལ་སླེབས་དུས་ཁེ་བཟང་རུ་ཚོགས་ཀྱིས་གྲུབ་པའི་རྒྱལ་ཁབ་སྲིད་དབང་ཞིག་གིས་འདི་ལྟ་བུའི་ཀླ་ཀློའི་འཕེལ་རྒྱས་རིགས་ཐབས་བརྒྱ་ཇུས་སྟོང་གིས་ཁྱབ་སྤེལ་བྱ་སྲིད་ལ་བྱས་ཀྱང་ཡོད།
རྒྱ་ནག་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་གི་ཆེད་མཁས་པས་ཚོད་དཔག་ལྟར་ན། མ་འོངས་པའི་ལོ་ངོ་བཅུ་ནས་ཉི་ཤུའི་ནང་། བོད་རང་སྐྱོང་ལྗོངས་ཕུད་པའི་ས་ཁུལ་ཡོད་དོ་ཅོག་གི་གསར་སྤེལ་བྱ་ཆོག་པའི་ཆུ་གློག་གི་ཐོན་ཁུངས་ཡོད་ཚད་གསར་སྤེལ་བྱས་ནས་རྫོགས་འགྲོ་བས། མ་འོངས་པའི་རྒྱ་ནག་གི་ཆུ་གློག་གསར་སྤེལ་གྱི་ལྟེ་བ་ནི་བོད་ལྗོངས་ཡིན།། 

བོད་ལྗོངས་རྟ་རྒྱུག་ཆུ་ལེན་གྱི་འཆར་གཞི།

རྒྱ་ནག་གཞུང་གིས་བོད་ལྗོངས་ཆུ་གློག་གསར་སྤེལ་གྱི་ཞིབ་ཕྲའི་འཆར་བཀོད་གཏན་འབེབས་བྱས་ཟིན་པ་རེད། འཆར་གཞི་ལྟར་ན་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོ་གཙོས་ཡན་ལག་ཆུ་བོ་ཁག་དང༌། མདོག་གཞུང་གཙང་པོ། བཞོན་ཕུ་ཆུ་བོ། སྐྱིད་ཆུ། ཉང་ཆུ། ཕར་ལུང་གཙང་པོ་དང༌། ས་མཚམས་བརྒལ་ནས་བཞུར་བའི་ཕུག་ཆུ་དང༌། མངའ་རིས་སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། དེ་མིན་ཆབ་མདོའི་ནག་ཆུ། གཡུ་ཆུ། རྫ་ཆུ་སོགས་གཙང་པོ་དང་ཆུ་བོའི་སྟེང་ཆུ་གློག་ས་ཚིགས་ཆེ་རིགས་འཛུགས་བསྐྲུན་བྱ་འཆར་ཡོད་པ་དང༌། གོང་ཞུས་གཙང་པོ་དང་ཆུ་བོ་དེ་དག་སྟེང་བསྐྲུན་རྒྱུའི་ཆུ་གློག་ས་ཚིགས་ཁག་ཕྱོགས་གཅིག་ཏུ་བསྡོམས་པའི་གློག་འདོན་འཕྲུལ་ཆས་ཀྱི་ཤོད་ཚད་ནི་སྟོང་ཝ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཡིན་པ་དང༌། ལོ་རེ་རེར་གློག་སྟོང་ཝ་ཁྲག་ཁྲིག་བདུན་དང་ཐེར་འབུམ་ཆེན་མོ་གཉིས་ཐེར་འབུམ་ལྔ་(༧༢༥༠༠༠༠༠༠༠༠༠)འདོན་ནུས་ཤིང༌། གློག་འདོན་ཚད་གཞི་དེ་ནི་འབྲི་ཆུ་འགག་མདོ་གསུམ་གྱི་ཆུ་རགས་ཆེན་མོའི་ལྡབ་དགུ་རེད། དེ་ལས་གཞན་བོད་ལྗོངས་མེ་ཏོག་རྫོང་གི་ལྷོ་རྒྱུད་དུ་འཛམ་གླིང་སྟེང་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཤིག་བསྐྲུན་འཆར་ཡོད་པས། གལ་ཏེ་དེ་བསྐྲུན་པ་ཡིན་ཚེ་དེའི་གཞི་ཁྱོན་ནི་འབྲི་ཆུ་འགག་མདོ་གསུམ་གྱི་ཆུ་རགས་ཆེན་མོའི་ལྡབ་གཉིས་རེད།

མིག་སྔར། བོད་ལྗོངས་ཆུ་གློག་གསར་སྤེལ་གྱི་དམིགས་ཡུལ་ནི་ས་གནས་རང་གི་དངོས་མཁོ་བསྐོང་ཐབས་དང༌། བོད་ལྗོངས་ནང་ཁུལ་དུ་བསྐྲུན་རྒྱུའི་ལྕགས་ལམ་ལ་རམ་འདེགས། དེ་མིན་བོད་ལྗོངས་ཀྱི་གཏེར་ཁ་སྔོག་འདོན་ཁོ་ནའི་ཆེད་རེད། རྒྱང་རིང་གི་དམིགས་ཡུལ་ནི་གློག་ཤུགས་ཕྱིར་བཙོང་སྟེ་༩༠% ཡན་གྱི་གློག་ཤུགས་བཏོན་ནས་ཕྱིའི་རྒྱལ་ཁག་དང་ཡུལ་གྲུ་དག་གི་དགོས་མཁོ་སྐོང་ཆེད་རེད།
དེང་སང་ཧྭ་ནིན(华能)། ཧྭ་ཏེན་(华电)ཏཱ་ཐང་(大唐)དང་གོའུ་ཏེན་(国电)བཅས་རྒྱལ་ཁབ་ཀྱི་གློག་ཤུགས་ཁེ་གཉེར་ལས་ཁང་བཞིའི་ཁར་འབྲི་ཆུ་འགག་མདོ་གསུམ་ཤོག་ཚོགས་(三峡集团)བཅས་ཀྱིས་སོ་སོའི་དབང་ཤེད་ཀྱི་ཁྱབ་ཁོངས་ལྟར་བོད་ལྗོངས་ཆུ་གློག་གསར་སྤེལ་གྱི་ལས་དོན་ཡོད་ཚད་ཁོང་ཚོས་བགོ་བཤའ་བརྒྱབ་ཚར་ཡོད་པས། རྟ་རྒྱུག་ཆུ་ལེན་གྱི་རྣམ་པ་དེ་དངོས་སུ་གྲུབ་ཡོད། བོད་རང་སྐྱོང་ལྗོངས་སུ་ཆུ་གློག་གསར་སྤེལ་ལས་དོན་ལ་འགན་ཁུར་བའི་བོད་ལྗོངས་ཀྱི་གཙོ་འཛིན་གཞོན་པར་གནའ་ནས་ད་བར་དུ་ཡིན་གཅིག་མིན་གཉིས་རྒྱ་རིགས་ལས་བྱེད་ཅིག་བསྐོ་བཞག་བྱེད་སྲོལ་ཡོད། མི་འདི་ཚོས་བོད་མི་མང་ཚོགས་ཀྱི་འདོད་བློ་མཚོན་ཐུབ་མིན་ལ་མཐའ་གཅིག་ཏུ་དོགས་པ་བྱས་ཆོག བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཡཱང་ཧེ་པེན་གྱིས་དེ་སྔོན་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཆུ་གློག་གསར་སྤེལ་སོགས་ཀྱི་འགན་ཁུར་ཡོད། སྐབས་ཤིག་ལ་གློ་བུར་དུ་གོའུ་ཏེན་ཞེས་པའི་རྒྱལ་ཁབ་གློག་ཤུགས་ལྷན་ཁང་གི་གོ་གཉེར་གཞོན་པར་བསྐོ་བཞག་བྱས་པ་མ་ཟད། བོད་ལྗོངས་ཀྱི་ཆུ་གློག་ལས་དོན་ནི་ཡཱང་ཧེ་པེན་གྱི་ལས་འགན་གཙོ་བོར་གྱུར། འདི་ནི་བདེན་དཔང་ཡག་ཤོས་དེ་ཡིན་པར་སྙམ།
དེང་སྐབས་བོད་ལྗོངས་སུ་ཆུ་གློག་ཆེ་རིགས་འཛུགས་སྐྲུན་དང་ཆུ་རགས་རྒྱག་མཁན་གཙོ་བོ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཉེན་རྟོག་ཆུ་གློག་རུ་ཁག་གི་དམག་མི་རེད། འདི་ནི་ཧ་ཅང་དམིགས་བསལ་གྱི་དམག་མིའི་རུ་ཁག་ཅིག་རེད། རུ་ཁག་འདི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཟོ་སྐྲུན་དམག་བཅོས་སྒྲིག་གིས་གྲུབ་ཅིང། དེ་སྔོན་འབྲི་ཆུ་འགག་མདོ་གསུམ་གྱི་བཟོ་སྐྲུན་དང་ཧན་ཡོན་རྦབ་ཆུ་ལུང་པ་སོགས་བཟོ་སྐྲུན་ལས་དོན་གལ་འགངས་ཅན་ཁག་ཅིག་འཛུགས་སྐྲུན་བྱས་མྱོང་ཡོད། ལས་ས་རུ་ཁོང་ཚོ་ནི་འཛུགས་སྐྲུན་ལས་བཟོ་པ་ཡིན། གལ་སྲིད་ཆུ་མཛོད་སྐྲུན་ཡུལ་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་རིགས་བྱུང་ཚེ། མདོག་གཅིག་བརྗེས་ཏེ་ཁོང་ཚོ་ནི་ལས་ས་དེར་མིག་སྡེབ་དབང་ཙམ་དུ་ཐོན་པའི་ཉེན་རྟོག་དམག་མི་ཡིན། ཧན་ཡོན་རྦབ་ཆུ་ལུང་པའི་ཟིང་འཁྲུག་དུས་ཡུན་ཐུང་ཐུང་ཞིག་གི་ནང་དྲག་གནོན་བྱ་ཐུབ་ཡོད་ལ། སྐབས་དེར་དམིགས་བསལ་རུ་ཁག་འདིས་ནུས་པ་ཁྱད་པར་ཅན་ཐོན་སྐད།།

བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནོད་པ།
མདོ་དབུས་མཐོ་སྒང་ནི་རྒྱ་ནག་ཙམ་མིན་པར་སྤྱིར་ན་ཨེ་ཤི་ཡ་གླིང་ཕྲན་གྱི་ཆུ་མཛོད་དུ་གྱུར་ཡོད་པ་མ་ཟད། འགྲོ་བ་མི་དུང་ཕྱུར་བཅུ་ཕྲག་འགའི་འཚོ་གནས་ཀྱི་གཞི་རྟེན་ཡང་ཡིན། བོད་ལྗོངས་དེ་རྒྱ་མཚོའི་ངོས་ནས་ཆ་སྙོམས་ཀྱི་ཕི་ཁྲི་ཆིག་ཁྲི་ཉིས་སྟོང་གི་མཐོ་ཚད་ན་ཆགས་ཡོད་ཅིང༌། སྐྱེ་ཁམས་མ་ལག་མ་གཞི་ནས་ཧ་ཅང་ཉམས་ཞན་ཡིན་པའི་ཁར་འདས་པའི་ལོ་ངོ་སུམ་ཅུའི་རིང་གི་དཔལ་འབྱོར་འཕེལ་རྒྱས་ཟེར་བ་ལས་ཐེབས་པའི་གནོད་ཤུགས་ཀྱིས་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། དེ་མིན་ད་དུང་ཆུ་མཛོད་ཆུ་རགས་སོགས་ཀྱིས་ཀྱང་གནོད་པ་ཆེན་མོ་ཐེབས་ཡོད། གོང་ཞུས་མིས་བཟོས་གནོད་འཚེ་དེ་དག་གི་དབང་གིས་བོད་ལྗོངས་མཐོ་སྒང་གི་སྐྱེ་ཁམས་མ་ལག་རྨེག་མེད་དུ་འགྲོ་རྒྱུར་དུས་ཡུན་རིང་པོ་མི་དགོས། འདི་རུ་ཆུ་རགས་ཆེ་རིགས་འཛུགས་སྐྲུན་བྱས་པས་ས་རྒྱ་ཆེན་པོ་ཆུའི་འོག་ཏུ་ཤོར་བ་ལས་ཡར་ཀླུང་གཙང་པོའི་གཅོང་རོང་དུ་གནས་པའི་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་རིགས་ལ་ཐེབས་པའི་གཏོར་བརླག་གླེང་གིན་མེད། བཟོ་སྐྲུན་ལས་དོན་ལས་བྱུང་བའི་ས་གཤིས་གནོད་འཚེ་སོགས་ཀྱང་གླེང་གིན་མེད། གཙང་པོ་དང་ཆུ་བོ་སོགས་སྐས་ཐེམ་རིམ་པ་ཅན་དུ་གསར་སྤེལ་བྱས་ནས་ཆུ་ངོས་ཇེ་མཐོ་དང་ཇེ་ཆེ་སོང་བ་གཅིག་པུ་གླེང་ན་ཡང༌། དེས་བོད་ལྗོངས་ཀྱི་གནམ་གཤིས་ཆ་རྐྱེན་ལ་འགྱུར་བ་ཐེབས་རྒྱུ་མ་ཟད། དབུགས་དྲོད་ཇེ་མཐོ། ཆར་ཆུ་ཇེ་ཉུང་དུ་འགྲོ་རྒྱུ་སོགས་འགྱུར་ལྡོག་གང་མང་ཞིག་བྱུང་སྲིད་པ་དང་། དབུགས་དྲོད་ཇེ་མཐོར་སོང་བ་ཁོ་ནའི་དབང་གིས་མདོ་དབུས་མཐོ་སྒང་གི་གངས་རིའི་འཁྱགས་ཀླུང་ཞི་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་ངེས་ཡིན། འཁྱགས་ཀླུང་ལྡོག་པའི་དབང་གིས་བོད་ལྗོངས་ཀྱི་ས་ཁུལ་ཁག་བྱེ་མར་འགྱུར་བ་དང་བྱེ་ཐང་ཅན་དུ་འགྱུར་རྒྱུའི་གོ་རིམ་ཇེ་མགྱོགས་སུ་བཏང་ཡོད་པ་སོགས་ལ་གཞིགས་ན། རང་བྱུང་གི་ཆུ་མཛོད་འདི་སྲུང་སྐྱོབ་ཡག་པོ་མ་བྱས་ན། མ་འོངས་པ་ཞིག་གང་ན་ཡོད་དམ།

ཆུ་གློག་ལས་དོན་རིགས་འཕེལ་རྒྱས་བཏང་བས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང༌། མི་མང་གི་ལག་ཡོང་ཇེ་མཐོར་འགྲོ་ཞེས་པའི་བཤད་སྟངས་འདི་ནི་ལོ་ངོ་བཅུ་ཕྲག་འགའི་རིང་བསྐྱར་བཤད་ཡང་བཤད་བྱས་པའི་རྫུན་གཏམ་ཞིག་ཡིན། ཨི་ཇེབ་ཀྱི་སྲིད་འཛིན་ནཱ་སེབ་ཀྱིས་ཨ་སི་ཝང་ཆུ་གློག་འཛུགས་སྐྲུན་བྱས་ཚེ་ཨེ་ཇེབ་མི་མང་ལྷ་ཡུལ་དུ་ཁྲིད་ངེས་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཨེ་ཇེབ་མི་མང་དེ་རིང་ད་དུང་དཀའ་སྡུག་གི་འཚོ་བའི་ཁྲོད་ལྷག་ཡོད། རྒྱ་ནག་གི་དབུ་ཁྲིད་ཚོའི་བཤད་སྟངས་ལྟར་ན། འབྲི་ཆུ་འགག་མདོ་གསུམ་གྱི་ཆུ་གློག་འཛུགས་བསྐྲུན་གྱིས་མི་མང་གི་འཚོ་བ་ཡར་རྒྱས་ཆེན་པོ་འགྲོ་དགོས། འོན་ཀྱང་འབྲི་ཆུའི་མཚོ་འགག་གི་ཆུ་གློག་བཟོ་སྐྲུན་ལས་དོན་ལས་བཤིག་སྤོ་བྱས་པའི་ཡུལ་མི་ས་ཡ་གཅིག་ལྷག་ལ་དུས་དེ་རིང་ད་དུང་ལས་ཀ་མེད་པ་དང༌། ས་ཞིང་མེད་པ། འགྲོ་ས་འདུག་ཁོངས་མེད་པར་ལྷག་ཡོད། ཕྱི་ལོ་༡༩༤༩ ལོ་ནས་ད་བར་དུ། རྒྱ་ནག་གིས་ཆུ་མཛོད་དང་ཆུ་རགས་ཆེ་རིགས་ཁྲི་བརྒྱད་ལྷག་བསྐྲུན་ནས་ཉུང་མཐའ་ཡང་ཡུལ་མི་བྱེ་བ་གཉིས་དབུལ་ཕོངས་ཀྱི་གནས་སུ་བསྐྱལ་ཡོད། རྒྱ་ནག་གཞུང་གིས་མི་མང་འབྱོར་བ་ཅན་གྱི་ལམ་ལ་ཁྲིད་བྱེད་ཀྱི་བཟོ་སྐྲུན་ཞིག་ད་རུང་རྙེད་མེད།

བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོས་རྒྱལ་སྤྱིའི་འགལ་ཟླ་བཟོ་སྲིད་པ།
བོད་ལྗོངས་ཆུ་གློག་གསར་སྤེལ་དང་འབྲི་ཆུ། རྨ་ཆུ། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོའི་ཆུ་གློག་གི་གསར་སྤེལ་གཉིས་མི་འདྲ། བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོ་དང་འབྲེལ་བའི་གཙང་པོ་དག་ནི་རྒྱལ་སྤྱིའི་གཙང་པོ་ཡིན། འབྲི་ཆུ་འགག་མདོ་གསུམ་གྱི་ཆུ་རགས་ཆེན་མོ་བསྐྲུན་པས་འབྲི་ཆུའི་རང་བྱུང་བཞུར་རྒྱུན་ལ་འགྱུར་བ་བཏང། ལྷག་པར་དུ་བཞུར་ཚད་ཇེ་ཉུང་དུ་བཏང་ཡོད་པས། འབྲི་ཆུའི་སྨད་རྒྱུད་ཀྱི་ཞིང་ཆེན་ཁག་ཏུ་སྒྲོག་གིན་པའི་རྙོག་གྲའི་འུར་སྒྲ་ནི་རྒྱལ་ནང་གི་གནད་དོན་ཡིན་པས་དབུས་གཞུང་གིས་འུར་སྒྲ་སྒྲོག་མཁན་ཚོའི་ཁ་འགོག་ནུས། ཡིན་ན་ཡང༌། རྒྱལ་སྤྱིའི་གཙང་པོའི་གནད་དོན་དེ་ལྡབ་འགྱུར་ཀྱི་རྙོག་གྲ་ཡིན་པས་དེ་སེལ་རྒྱུར་དཀའ་ཁག་ཆེ། ནང་སྒོས་སུ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་གཙང་པོ་དོ་དམ་བྱེད་ཕྱོགས་ཐད་ཆིངས་ཡིག་རིགས་གཅིག་ཀྱང་བཞག་མེད། བོད་ལྗོངས་ཆུ་གློག་གསར་སྤེལ་ཆེན་མོས་གཙང་པོ་དེ་དག་གི་སྨད་རྒྱུད་ཀྱི་རྒྱ་གར་སོགས་རྒྱལ་ཁབ་ཀྱིས་དེར་དོ་སྣང་ཆེན་པོ་བྱ་སྲིད། དམིགས་བསལ་རྒྱ་གར་དམག་དཔུང་གིས་དོ་སྣང་དྲག་པོ་བྱ་ངེས་ཡིན།
རྒྱ་ནག་གིས་ཐེངས་མང་པོར་བོད་ལྗོངས་ཆུ་གློག་གསར་སྤེལ་གྱི་རྐྱེན་པས་ཡར་ཀླུང་གཙང་པོ་སོགས་རྒྱལ་མཚམས་བརྒལ་ནས་བཞུར་བཞིན་པའི་ཆུ་བོ་དག་གི་ཆུའི་བཞུར་ཚད་ཇེ་ཉུང་དུ་མི་འགྲོ་ལུགས་གསལ་བཤད་བྱས་ནས་རྒྱ་གར་གྱི་བློ་ཇེ་བདེར་གཏོང་ཐབས་བྱས་ཡོད། འོན་ཀྱང༌། ཁས་ལེན་འདི་དག་ལ་དོན་སྙིང་སྤུ་ཙམ་ཡང་མེད། བོད་ལྗོངས་ཀྱི་གཙང་པོ་དག་ལ་སྐས་ཐེམ་རིམ་པར་གསར་སྤེལ་བྱས་རྗེས། ཆུ་མཛོད་དུ་རླངས་པར་གྱུར་པའི་ཚད་གཅིག་པུས་ཀྱང་ཆུའི་བཞུར་ཚད་ཇེ་ཉུང་དུ་རབ་ཅིག་འགྲོ་ངེས་ཡིན་ལ། དུས་ཡུན་ཐད་ཀྱི་ཆ་བགོས་སོགས་ད་དུང་གླེང་གིན་མེད།

པེ་ཅིན་གཞུང་གིས་རང་གི་སྒོ་ཁའི་གནས་ཚུལ་དེ་བརྗེད་ཡོད་རྒྱུ་མ་རེད། པེ་ཅིན་གྱི་ཆུ་བོ་གཙོ་བོ་ཡོན་ཏེན་ཆུ་བོ་སྐས་ཐེམ་རིམ་པས་གསར་སྤེལ་བྱས་རྗེས། སྔོན་གྱི་ལོ་རེའི་བཞུར་ཚད་གོམ་པ་གྲུ་བཞི་ལྷམ་པ་དུང་ཕྱུར་༢༠ ནས་ད་ལྟའི་གོམ་པ་གྲུ་བཞི་ལྷམ་པ་༣ དུ་གྱུར་ཡོད། གལ་ཏེ་ཆུ་མཛོད་རེ་རེའི་རླངས་གྱུར་ཚད་གཞིས་བཞུར་ཚད་ཀྱི་བརྒྱ་ཆའི་གཅིག་ཇེ་ཉུང་དུ་སོང་ཚེ་རྒྱལ་མཚམས་བརྒལ་བའི་གཙང་པོ་དེ་དག་གི་བཞུར་ཚད་ཇེ་ཉུང་དུ་མི་འགྲོ་རྒྱུར་ཁག་ཐེག་བྱ་ཐབས་མེད།
རྒྱ་ནག་པ་ཡིན་ཡང་རུང་རྒྱ་གར་བ་ཡིན་ཡང་རུང་། བོད་ལྗོངས་ཀྱི་ཆུ་གློག་གསར་སྤེལ་གྱིས་ལོ་ངོ་ལྔ་བཅུའི་སྔོན་གྱི་འཐབ་འཁྲུག་ལྟ་བུ་ཞིག་ཡང་བསྐྱར་བསླང་རྒྱུར་སྨོན་ལམ་རྒྱག་གི་ཡོད་རྒྱུ་མ་རེད། འཐབ་འཁྲུག་དེའི་མཇུག་འབྲས་སུ་རྒྱ་ནག་གིས་སྤྱི་ལེ་གྲུ་བཞི་མ་ཁྲི་བཅོ་ལྔའི་ས་ཆའི་བདག་དབང་ཤོར་བ་རེད།།
 

མཇུག་བསྡུ་བའི་གཏམ།
རྒྱ་ནག་པའི་རི་ཆུ་ལ་གོ་བ་ལེན་སྟངས་དང་བོད་མིའི་རི་ཆུ་ལ་གོ་ལ་ལེན་སྟངས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ། བོད་མིས་ཆུ་རགས་རྒྱག་པ། ཆུ་མཛོད་འཛུགས་སྐྲུན། རི་ཕུག་ཆུ་འདྲེན་སོགས་ལ་གོ་བ་ལོན་དཀའ། ཁོང་ཚོས་བཟོ་སྐྲུན་ལས་དོན་དེ་དག་གིས་བོད་ཀྱི་ཡུལ་ལྷ་གཞི་བདག་དང་ཀླུ་མོ་ཀླུ་ཕྲུག་ཚོའི་ཐུགས་དགོངས་དཀྲུགས་ཡོང་བསམ་ཡོད། དེ་སྔོན་ཡར་འབྲོག་གཡུ་མཚོ་རུ་ཆུ་གློག་འཛུགས་སྐྲུན་བྱ་འཆར་བྱས་དུས། པཎ་ཆེན་རིན་པོ་ཆེས་དེར་མོས་མཐུན་མ་བྱས་པར་ཡར་འབྲོག་གཡུ་མཚོ་བོད་ཀྱི་གནམ་གཤིས་སྙོམས་བཀོད་ཐད་ནུས་པ་ཆེན་པོ་ཡོད་ཅེས་གསུངས་པ་དང༌། རྗེས་སུ་དབུས་གཞུང་གིས་ལས་འཆར་དེ་ཆུ་སྣ་གཞན་ནས་དྲངས་ནས་ཆུ་གློག་འཛུགས་སྐྲུན་བྱེད་དགོས་བྱུང་ཡོད། ཡང་དག་པར་བཤད་ན། བོད་མིས་རྒྱ་ནག་པ་ལས་ལྡབ་འགྱུར་གྱི་བོད་ཁམས་ཀྱི་རི་ཆུ་ལ་རྒྱུས་མངའ་ཡོད་ལ། བོད་ཁམས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དེ་བས་ཀྱང་ངེས་ཤེས་ཡོད། རྒྱུ་མཚན་ནི་ཁོང་ཚོའི་ཕ་མེས་ཡང་མེས་ནས་འཚོ་ཞིང་གནས་པའི་ཕ་ས་དེ་ཡིན་པས་ཕྱིར། བོད་མི་རྣམས་ཀྱིས་བོད་ལྗོངས་ཆུ་གློག་ཆེ་རིགས་གསར་སྤེལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་མིན་དེ་གནད་དོན་གྱི་གནད་འགག་ཡིན།།
 

ཟུར་མཆན།
ཡར་ཀླུང་གཙང་པོ___ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ལ། གཡུ་འབྲུག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་བབས་རྗེས་སྨིན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་འདྲ་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་རྒྱ་གར་དུ་འབབ་པ་དེར་གཙང་པོ་བྷར་མ་པུཏ་རཱ་ཟེར། དེ་ནས་བྷང་ག་ལ་བརྒྱུད་བྷང་ག་ལ་མཚོ་ཁུག་ཏུ་འབབ། ཡར་ཀླུང་གཙང་པོ་འདི་ས་དགའ་རྫོང་སོགས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1940 དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་24.6 དང། སྤྱིའི་བཞུར་རྒྱུན་ལ་སྤྱི་ལེ་2840 དང་སྤྱིའི་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་93.5ལྷག་ཡོད། གཙང་པོའི་སྟོད་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་3950 ཙམ་ཡོད་པས་འཛམ་གླིང་ཐོག་གི་ས་བབས་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།