བཀའ་བློན་ཁྲི་པ་སྲིད་སྐྱོང་དུ་བསྒྱུར་འོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༤༩

ལོ་འདིར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་ཆེན་པོ་སོང་བ་དང་ཆབས་གཅིག བཀའ་བློན་ཁྲི་པའི་མཛད་འགན་ལ་འགྱུར་བ་སོང་བས་བཀའ་བློན་ཁྲི་པ་ཞེས་པའི་མིང་འདི་ཡང་བརྗེ་བསྒྱུར་དགོས་པའི་ལམ་སྟོན་ཁ་གསལ་༧གོང་ས་མཆོག་གིས་གནང་ཡོད་པ་རེད།

བཀའ་བློན་ཞེས་པའི་གོ་དོན་ནི་གོང་དུ་བཀའ་གནང་མཁན་གྱི་དབང་འཛིན་པ་ཞིག་གི་བཀའ་དེ་གཤམ་གྱི་མི་མང་ངམ་སྡེ་ཚན་བྱེ་བྲག་པར་སྒྱུར་མཁན་གྱི་བློན་པོ་ལ་བཀའ་བློན་ཞེས་བརྗོད་བཞིན་ཡོད་པ་རེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་མཛད་འགན་ཚང་མ་མི་མང་ལ་རྩིས་སྤྲོད་གནང་ཟིན་ནའང་། བཀའ་བློན་ཞེས་པའི་མིང་སྔར་དང་གཅིག་མཚུངས་སུ་གནས་ཡོད་པས་དེའི་ཚབ་ཏུ་སྲིད་སྐྱོང་ཞེས་པ་སླར་གསོ་དགོས་པའི་ལམ་སྟོན་གནང་བ་རེད།

ད་ལྟའི་ཆར་བཀའ་བློན་ཁྲི་པ་ནི་གཞུང་ངམ་སྒྲིག་འཛུགས་ཀྱི་འགན་འཛིན་དང། ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀ་ཡིན་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིའི་ནང་དུ་མཛད་འགན་ཆེ་ཤོས་ཡིན་པས། དེའི་སྟེང་དུ་བཀའ་གནང་མཁན་གཞན་ཞིག་མེད་པ་དང། དེ་ལྟར་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ་ནི་༸གོང་ས་མཆོག་གིས་བཟློག་ཏུ་མེད་པའི་བཀའ་ཡིན་པ་དང་། གང་ཉིད་ཀྱི་རིང་ནས་སྙིང་དུ་བརྣག་པའི་ཐུགས་རེ་ཉག་གཅིག་ཀྱང་ཡིན་ཞེས་བཀའ་ཁྲིའི་དམ་འབུལ་སྐབས་གསུངས་སོང་བར་བརྟེན། བཀའ་བློན་ཁྲི་པ་ཞེས་པའི་མིང་འདིའི་ཚབ་ཏུ་མང་གཙོའི་གོ་དོན་དང་མཐུན་པར་སྲིད་སྐྱོང་ཞེས་པ་འདི། ༸གོང་ས་མཆོག་གིས་ལམ་སྟོན་གནང་བ་བཞིན་བཅའ་ཁྲིམས་སུ་འགྱུར་བ་གཏོང་དགོས་པའི་དུས་ལ་བབ་ཡོད།
བཀའ་བློན་ཁྲི་པ་ཞེས་པའི་མིང་ཚིག་འདི་སྲིད་སྐྱོང་ཞེས་པར་བསྒྱུར་ན་སླར་ཡང་བརྗེ་བསྒྱུར་དགོས་པའི་མིང་ཚིག་ཁ་ཤས་ཤིག་ཡོད་པ་དང། བཀའ་བློན་གཞན་རྣམས་ཀྱི་མཚན་དུའང་བཀའ་བློན་ཞེས་རང་འཇགས་བཞག་ན་མི་འཚམ་པས། དཔེར་ན་ཆོས་རིག་བཀའ་བློན་ལ་ཆོས་རིག་བློན་ཆེན་དང་། དཔལ་འབྱོར་དང་། ནང་སྲིད། ཤེས་རིག བདེ་སྲུང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་ལའང་། ལས་ཁུངས་སོ་སོའི་མཇུག་ཏུ་བློན་ཆེན་ཞེས་སྦྱར་ན་དོན་ལ་གནས་པར་སེམས། དེ་ལྟར་བསྒྱུར་བཅོས་བཏང་ཟིན་པའི་རྗེས་སུ་བཀའ་ཤག་ཅེས་པ་དེར་ཡང་རང་བཞིན་གྱིས་བསྒྱུར་བཅོས་མི་གཏོང་ཀ་མེད་དུ་གྱུར་ཡོད་པས། བློན་ཆེན་སྤྱི་ཁྱབ་ལྷན་ཁང་ངམ། འཛིན་སྐྱོང་སྤྱི་ཁྱབ་ཁང་ཞེས་པ་ལྟ་བུར་བསྒྱུར་བཅོས་གཏོང་འོས་སྙམ།
སྤྱིར་མིང་ཚིག་འདི་དག་བསྒྱུར་བཅོས་གཏོང་དགོས་པ་གལ་ཆེན་པོ་ཞིག་ཡིན་མིན་གང་ལྟར་ཡང་ལོ་འདིའི་ནང་ཆབ་སྲིད་དང་འཛིན་སྐྱོང་གི་ཐོག་ནས་བསྒྱུར་བཅོས་ཆེན་པོ་བཏང་བ་དང་། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་བསྒྱུར་བཅོས་བཏང་བ་སོགས་མིང་ཚིག་མང་པོ་ཞིག་ལ་བསྒྱུར་བཅོས་བཏང་ཡོད། ད་ལན་ཡང་བཀའ་བློན་ཁྲི་པ་དང་བོད་མིའི་སྒྲིག་འཛུགས་སོགས་ལ་བསྒྱུར་བཅོས་གཏོང་འཆར་ཡོད་ཚུལ་འདུག་པས། དེའི་སྐོར་ལ་ཚང་མས་རང་ཉིད་ཀྱི་བསམ་ཚུལ་འདོན་དགོས་པ་གལ་ཆེན་པོར་གྱུར་ཡོད་པར་བརྟེན་གོང་གསལ་བསམ་ཚུལ་འདི་དག་དཔྱད་གཞི་རུ་ཕུལ་བ་ཙམ་ཡིན། འོན་ཀྱང་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་འདོན་ཆོག་པ་དང་བསམ་ཚུལ་དེ་ལ་དང་ལེན་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་ནི་བླ་ན་མེད་པའི་རང་དབང་རེད།
གལ་ཆེ་བའི་མིང་ཚིག་འདི་དག་བསྒྱུར་བཅོས་མ་བཏང་བའི་སྔོན་ལ་བསམ་ཚུལ་གང་མང་སླེབས་དགོས་པ་འདི་གལ་ཆེན་པོ་ཡིན་ལ། ཚིག་རེ་ཟུང་བསྒྱུར་བཅོས་ཀྱི་ཆེད་དུ་གྲོས་ཚོགས་སྔ་རྗེས་སུ་ཡང་ཡང་ཁྲིམས་འཆར་ཁུར་བ་དང་། ཡང་ཡང་བསྒྱུར་བཅོས་གཏོང་དགོས་པའི་གནས་ཚུལ་བྱུང་ན་ཁྲིམས་བཟོའི་ལས་དོན་ཚགས་ཚུད་མེད་པ་ལྟ་བུའི་སྣང་ཚུལ་ཡང་ཡོད་ངེས་ཤིང་། ཕྱི་ནང་གང་གི་ངོས་ནས་བལྟས་ཀྱང་འོས་ཤིང་འཚམ་པ་ཞིག་ཏུ་མཐོང་དཀའ་བ་ལྟ་བུར་གྱུར་ཡོད། དེར་བརྟེན་ད་ལན་འགྱུར་བ་མ་བཏང་སྔོན་ནས་ཞིབ་འཇུག་དང་བསམ་ཚུལ་བསྡུ་ལེན་ཚད་ལྡན་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེ་ལྟར་མ་བྱས་ན་སླར་ཡང་ཟླ་ཤས་རྗེས་སུ་བསྒྱུར་བཅོས་གཏོང་དགོས་པ་བྱུང་ན་འོས་འཚམ་ཞིག་གཏན་ནས་མིན།།

{jcomments on}

Leave a Reply

Your email address will not be published. Required fields are marked *