གཞན་ལ་ཕན་ཐོགས་ཡོད་པ་བྱེད་རྒྱུའི་ཆོད་སེམས་དགོས།
ཕྱི་ལོ་༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་རྗེས། མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པར་ངོས་ལེན་བྱས་ཡོད། དེ་བཞིན་ཚོགས་པའི་དངུལ་རྩིས་ཡང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་སྟོན་གྱི་ཡོད།
དྲི་བ། ཚོགས་པ་འདིའི་དམིགས་ཡུལ་དང་ལས་གཞི་གང་དང་གང་ཡིན་ནམ།
ལན། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད་དང༌། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག དང་བླངས་ཀྱི་འབྲེལ་འཐུད། དཔར་ལེན་སྒྱུ་རྩལ། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང་གྱོན་གོས་ཞལ་འདེབས། རིག་གཞུང་བརྗེ་རེས། ཟས་བཅུད་ལྡན་པའི་སྤྱི་ཐབ་དང་ཆུ་གཙང་མའི་མཐུན་རྐྱེན་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱེད་བཞིན་ཡོད་པས་གྲུབ་འབྲས་ཡང་མི་དམན་ཙམ་ཐོན་བཞིན་འདུག
དྲི་བ། ལྷ་ཚོགས་པའི་ངོས་ནས་ཤེས་ཡོན་གྱི་སྐོར་ལ་ཞབས་ཞུ་ག་རེ་གནང་གི་ཡོད་པ་རེད།
ལན། འདས་པའི་ལོ་བཅུ་གཉིས་ལྷག་ཙམ་རིང་གཙོ་བོ་བོད་རིགས་གཞོན་སྐྱེས་སློབ་སྦྱོང་གི་གོ་སྐབས་མ་རག་པར། མུ་འཐུད་ཤེས་ཡོན་ལ་དོ་སྣང་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་ཉིན་ལྟར་དབྱིན་ཡིག་འཛིན་གྲྭ་མཐོ་དམན་དྲུག་དང། རྒྱ་ཡིག་འཛིན་གྲྭ་གསུམ། ཧྥ་རན་སི་སྐད་ཡིག་འཛིན་གྲྭ་གཉིས། གཞི་རིམ་སློབ་གྲྭའི་གུང་སེང་སྐབས་བོད་ཡིག་འཛིན་གྲྭ་གཅིག དེ་བཞིན་སི་པན་དང་འཇར་མན་གྱི་སྐད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད།
ད་བར་སྐད་ཡིག་འཛིན་གྲྭར་སློབ་ཕྲུག་གྲངས་༧༩༢༠ ཙམ་བྱུང་བ་དང། ལྷག་པར་ཉིན་ལྟར་གློག་ཀླད་རྨང་གཞིའི་འཛིན་གྲྭ་གཉིས་དང་། འབྲིང་རིམ་འཛིན་གྲྭ་གཅིག དམིགས་བསལ་གློག་ཀླད་སྦྱོང་བརྡར་འཛིན་གྲྭ་བཅས་ཡོད། ད་བར་གློག་ཀླད་སློབ་ཐོན་པ་གྲངས་༡༨༨༣ ཙམ་བྱུང་ཡོད། ད་ལྟའི་སྐབས་ཉིན་རེར་འཛིན་གྲྭར་ཡོང་མཁན་སློབ་མ་༡༥༠ ཡས་མས་ཙམ་ཡོད་པ་རེད། དེ་བཞིན་སྐབས་འཕྲལ་དགོས་མཁོ་དང་བསྟུན། གཟུགས་པོ་འཕུར་མཉེད་དམ་བསྐུ་མཉེ་སྨན་བཅོས་དང་། པར་ལེན་སྒྱུ་རྩལ་སོགས་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་ཡི་ཡོད།
དྲི་བ། འཕྲོད་བསྟེན་དང་ཁོར་ཡུག་གི་སྐོར་ལ་ལས་དོན་ག་རེ་གནང་གི་ཡོད་པ་རེད་དམ།
ལན། ང་ཚོས་འཕྲོད་བསྟེན་ཡག་པོ་དགོས་པའི་དམིགས་བསལ་གོ་རྟོགས་སྤེལ་བ་མ་ཟད། འཕྲོད་བསྟེན་ཆེད་ལས་པས་གཙང་སྦྲ་འཕྲོད་བསྟེན་བྱེད་ཕྱོགས་སྐོར་སློབ་གསོ་སྤྲོད་བཞིན་ཡོད། དེ་བཞིན་ཕྱི་རྒྱལ་ནས་སྨན་གྱི་སྦྱིན་བདག་བྱུང་བ་དེ་ཚོ་བདེ་ལེགས་སྨན་ཁང་དུ་ཞལ་འདེབས་ལ་སྤྲོད་ཀྱི་ཡོད།
དེ་བཞིན་མི་གྲངས་༢༠༠ ལྷག་ཙམ་ལ་མིག་བརྟག་དཔྱད་ཀྱིས་མི་གྲངས་༡༢༠ ཙམ་ལ་མིག་ཤེལ་རིན་མེད་སྤྲད་ཡོད། འདི་ལོ་ཡང་མིག་དང་སོ་སོགས་ཀྱི་སྐོར་ལ་ལས་རིམ་ཞིག་ཀྱང་ཡོད། ལྷག་པར་ཉིན་རེའི་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད་ཟས་བཅུད་ལྡན་པའི་ཁ་ལག་དང་ཆུ་གཙང་མ་སོགས་ཀྱི་མཐུན་རྐྱེན་སྦྱར་གྱི་ཡོད། ཁོར་ཡུག་སྐོར་ལ་ཆ་མཚོན་ན་ལོ་ལྟར་འཛམ་གླིང་ཁོར་ཡུག་ཉིན་མོར་དྷ་ས་མེག་གྷན་གྱི་ཁོར་ཡུག་གཙང་བཟོ་བྱེད་པ་དང་། དེ་བཞིན་རྒྱུན་དུ་ཚོགས་པའི་ངོས་ནས་གོ་སྒྲིག་ཀྱིས་དང་བླངས་ལས་བྱེད་དང་སློབ་ཕྲུག་སོགས་ནས་ཁོར་ཡུག་གཙང་བཟོ་བྱེད་བཞིན་ཡོད་ལ། ལྷག་པར་ཚོགས་པའི་ངོས་ནས་བོད་ཡིག་ཐོག་ཁོར་ཡུག་དྲྭ་རྒྱ་ཞིག་ཀྱང་གསར་བཟོ་བྱེད་བཞིན་པ་ཡིན།
དྲི་བ། སྤྱི་ཐབ་འཛུགས་དགོས་པའི་དམིགས་ཡུལ་གང་ཡིན་ནམ།
ལན། སྤྱི་ཐབ་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ་ང་ཚོའི་སྤྱི་ཚོགས་ནང་གནད་དོན་འདྲ་མིན་གྱི་རྐྱེན་པས་ལྟོ་དུས་གསུམ་དུས་ཐོག་ལ་མི་རག་མཁན་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌། གཉིས་པ་ང་ཚོའི་སྤྱི་ཚོགས་ནང་ནད་རིགས་མང་པོ་ཞིག་ཟས་བཅུད་མ་འདང་བའི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་རྐྱེན། སྤྱི་ཐབ་འདི་སྒོ་ཕྱེས་པ་ཡིན་ལ། ཉིན་གུང་ཁ་ལག་དང་མཉམ་དུ་སྟོབས་རྒྱས་སྨན་སྤྲོད་ཀྱི་ཡོད། ཉིན་ལྟར་དགོས་ངེས་ཅན་གྱི་མི་གྲངས་༣༥ ནས་༥༠ བར་ལ་ཉིན་གུང་ཞལ་ལག་གི་མཐུན་རྐྱེན་སྦྱར་གྱི་ཡོད།
དྲི་བ། རིག་གཞུང་བརྗེ་རེས་དང་དང་བླངས་འབྲེལ་མཐུད་ག་འདྲ་གནང་གི་ཡོད་པ་རེད།
ལན། ཕྱི་ལོ་༢༠༠༢ ཙམ་ནས་ང་ཚོས་རིག་གཞུང་བརྗེ་རེས་ལས་རིམ་དེ་འགོ་འཛུགས་བྱས་པ་རེད་ལ། དེ་ཡང་ལོ་རེར་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་དང་རིག་གཞུང་བརྗེ་རེས་བྱེད་མཁན་ཚོགས་པ་འགའ་ཤས་དང་མཉམ་དུ་ལོ་ལྟར་ཕྱི་རྒྱལ་སློབ་ཕྲུག་གྲངས་༧༠ ནས་༡༢༠ བར་ང་ཚོའི་ཚོགས་པའི་སློབ་མ་དང་མཉམ་དུ་ཤེས་ཡོན་དང་རིག་གཞུང་བརྗེ་རེས་བྱེད་ཀྱི་ཡོད། ད་བར་ཕྱི་རྒྱལ་སློབ་ཕྲུག་གྲངས་༥༧༢ ཙམ་ལ་ཐུག་ཡོད་པ་རེད།
དེ་བཞིན་དང་བླངས་འབྲེལ་འཐུད་བྱེད་སྟངས་སྤྱིར་ང་ཚོའི་ཚོགས་པའི་ལས་གཞི་དང་ལས་རིམ་མང་ཆེ་བ་ཕྱི་རྒྱལ་དང་བླངས་བའི་རོགས་རམ་ལ་བརྟེན་ཡོད། དཔེར་ན་དགེ་རྒན་དང་ལས་འཆར་བཟོ་སྒྲིག་བྱེད་མཁན་སོགས་རེད་ལ། ཉིན་ལྟར་ཕྱི་རྒྱལ་དང་བླངས་བ་མི་གྲངས་༡༥ ནས་༢༥ བར་ལས་ཀ་བྱེད་མཁན་དང། དེ་བཞིན་ཚོགས་པ་གཞན་ལ་ཡང་འབྲེལ་འཐུད་བྱེད་ཀྱི་ཡོད་པ་རེད། ལོ་རེར་དང་བླངས་ལས་ཀ་བྱེད་མཁན་མི་གྲངས་༦༠༠ ལྷག་ཙམ་དང་ད་བར་རྒྱལ་ཁབ་༣༢ ནས་དང་བླངས་བ་གྲངས་༤༣༢༧ ཙམ་བྱུང་ཡོད།
དྲི་བ། ད་དུང་གྱོན་གོས་དང་དེབ་རིགས་ཀྱི་ཞལ་འདེབས་གནང་གི་ཡོད་སྐོར་གསུངས་སོང་། དེ་སྐོར་ག་འདྲ་ཡིན་ནམ།
ལན། ༢༠༠༨ ལོར་ང་ཚོར་ཨ་རི་ནས་དབྱིན་ཡིག་དཔེ་དེབ་དང་ཚིག་མཛོད་སུམ་ཁྲི་ཙམ་ཞལ་འདེབས་གནང་སོང་། དེ་དག་ཚང་མ་བོད་པའི་སློབ་གྲྭ་དང་དཔེ་མཛོད། ཤེས་ཡོན་སྡེ་ཚན། དེ་བཞིན་ས་གནས་རྒྱ་གར་སློབ་གྲྭ་སོགས་ལ་ཞལ་འདེབས་སྤྲད་པ་ཡིན། གྱོན་གོས་ཞལ་འདེབས་ནི་ཕྱི་རྒྱལ་ཡུལ་སྐོར་བ་དང་དང་བླངས་བ་སོགས་ནས་ཚོགས་པར་ཞལ་འདེབས་བརྒྱབ་པ་དེ་ཚོ་ཟླ་རེར་བཞིན་དྷ་སའི་ཪོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་ནས། ས་གནས་ཡུལ་མིར་སྦྱིན་གཏོང་བྱེད་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་ལ་ཡང་གྱོན་གོས་རོགས་རམ་བྱེད་ཀྱི་ཡོད། ད་བར་གྱོན་གོས་གྲངས་༢༣༤༥༥ ཙམ་ཞལ་འདེབས་སྤྲད་པ་ཡིན།
དྲི་བ། ལས་དོན་འདིའི་རིགས་བྱེད་སྐབས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་འདུག
ལན། ད་བར་དམིགས་བསལ་དཀའ་ངལ་སྡུག་ཅག་གང་ཡང་འཕྲད་མ་སོང། ཡིན་ནའང་ང་ཚོ་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞིག་ཡིན་པས། གཏན་འཇགས་ཀྱི་རོགས་ཚོགས་ཤིག་མེད་དུས་ལོ་རེའི་འགྲོ་གྲོན་ལ་སེམས་ཁྲལ་ཏོག་ཙམ་ཡོང་གི་འདུག
དྲི་བ། སྤྱི་ཚོགས་ལ་འབོད་སྐུལ་འདྲ་གནང་རྒྱུ་ཡོད་དམ།
ལན། སྤྱིར་བོད་པ་ཚོས་མགོ་བླ་མ་དཔོན་པོ་ནས་མང་ཚོགས་དཀྱུས་མ་བར་དུ། ཁ་ནས་གཞན་ཕན་དང་སྙིང་རྗེ་ཤོད་སྡོད་ཀྱི་འདུག དེ་དག་ལག་ལེན་དངོས་ལ་ཁེལ་བ་བྱེད་རོགས་གནང་ཞུ་རྒྱུ་དང་། ལྷག་པར་རང་དོན་གཅིག་པུ་བསྒྲུབ་ནས་མ་བསྡད་པར་སོ་སོའི་སྤྱི་ཚོགས་དང་གཞན་ལ་ཕན་ཐོགས་ཡོད་པའི་ལས་བཟང་ཕྲན་བུ་རེ་བྱེད་རྒྱུའི་ཆོད་སེམས་དགོས་ཀྱི་འདུག དེ་ལྟར་བྱེད་ཐུབ་ན་བོད་རིགས་ཀྱི་ཡ་རབས་བཟང་སྤྱོད་དང། ནང་ཆོས་ཀྱི་སྙིང་པོ། དེ་བཞིན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག །
{jcomments on}