ཁ་ཞེ་གཉིས་མེད་ཀྱི་རང་བཙན་འདོད་མཁན་ཞིག་ཡིན་ནམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༤༥ ཕྱི་ལོ་༢༠༡༡ ཕྱི་ཟླ་༨ ཚེས་༡༠ ལ་བཏོན་པ་དེ་ཕྱི་ལོ་༢༠༡༡ ཕྱི་ཟླ་༩ ཚེས་༥ ལ་ཀློག་རྒྱུའི་གོ་སྐབས་བྱུང་བས་དེའི་ཤོག་ངོས་གཉིས་པའི་ནང་ཀླུ་མཁར་བྱམས་ཞེས་པའི་སེམས་ཁམས་མི་བདེ་བའི་མི་ཞིག་གིས་“རྗེན་པའི་ཕེབས་སྐྱེལ་”ཞེས་གང་བྱུང་དུ་བྲིས་པ་ཞིག་འདུག་པས།
སྤྱིར་སེམས་ཁམས་མི་བདེ་བ་རྣམས་ཀྱི་སྨྱོ་ལབ་བརྒྱབ་པ་ཆོས་ཉིད་ཡིན་པ་ལ་ཧ་ལས་པ་དང་ཡ་མཚན་སྐྱེས་དགོས་པ་གང་ཡང་མ་མཐོང། རང་གི་མི་ཤེས་པ་དང་མི་འཇོན་པའི་རྒྱུ་མཚན་ལ་གང་བྱུང་དུ་སྨྲ་བ་ལ་ཁོ་བོ་ཡིད་ཤིན་ཏུ་མུག
ཉི་མའི་འོད་ལ་སྒྲོན་མེ་དང་བཙོ་མའི་གསེར་ལ་མཐིང་གི་མདོག་མངོན་མི་དགོས་པ་ཡིན་ནའང། དེ་མུར་བཞག་ན་སྤྱང་ཀི་རྟ་གཟན་ལུག་རོས་མི་འགྲང་བའི་དཔེ་ལྟར་ངན་པ་གཉའ་རིང་དུ་འགྱུར་བ་གདོན་མི་ཟ་བས། མཁྱེན་ལྡན་རྣམས་ལ་གསལ་བཤད་དགོས་པ་མ་མཐོང་ཡང་སེམས་ཆུང་དགའ་ཞིག་ལ་དོགས་དྲི་ཡོང་སྲིད་པས་གསལ་བཤད་ཕྲན་བུ་ཞུས་ན་རླབས་ཆེན་དང། མཁས་མཛངས་ལྡན་པའི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་ནི་བོད་བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་དུས་རབས་ཉེར་གཅིག་པར་༸གོང་ས་སྐུ་ཕྲེང་རིམ་བྱོན་ལས་བོད་ནང་བྱུང་མ་མྱོང་བའི་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བོད་མི་རིགས་ཀྱི་ལམ་སྟོན་སྒྲོན་མེ་གཅིག་པུ་དེ་ཡིན། ཁོང་གི་ཡོན་ཏན་ལ་ཁྱེད་ལྟ་བུའི་སྐྱེས་པ་རྣམས་ཕྲག་དོག་དང་འགྲན་སེམས་འདོད་ཀྱང། ཉི་མ་དང་མེ་འཁྱེར་ལྟ་བུ་ཡིན་པས་ཉི་ཤར་སྦར་མོས་ཁེབས་མི་ཐུབ། ཁྱེད་ནི་རང་ཉིད་མེ་འཁོར་ལ་ཞུགས་ནས་རང་ཉིད་འགྲོ་བ་མ་ཚོར་བར་ལྗོན་ཤིང་འགྲོ་བར་མཐོང་བ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་རང་ཉིད་ཞབས་འདྲེན་ཞུ་མཁན་ཞིག་རེད། ཁྱེད་ཀྱིས་གཉིས་སྨན་དབུ་མའི་ལམ་ལ་ཟུར་ཟ་བྱེད་པ་ནི་དབུ་མའི་ལམ་གྱི་ལྟ་གྲུབ་ལ་གོ་རྟོགས་གང་ཡང་མེད་པའི་རྟགས་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་ཕྱི་ལོ་༦༠ རེ་གྲངས་ནས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་དང་ཞི་འགྲིག་གནང་རྒྱུའི་ཐུགས་བསམ་བཞེས་པ་དང། ༡༩༧༩ ལོར་ཏིང་ཞོའི་ཕིང་གིས་རང་བཙན་མ་བརྩད་ན་གནད་དོན་གཞན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་རྒྱུའི་གྲོས་འཆར་བཏོན་པ་དང་། དེ་བཞིན་༸གོང་ས་མཆོག་ནས་ཀྱང་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༡ ལ་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཁྱབ་བསྒྲགས་གནང་བ་དང། ཕྱི་ལོ་༡༩༨༨ ཟླ་༦ ཚེས་༡༥ ཉིན་ཡོ་རོབ་གྲོས་ཚོགས་སུ་གནང་བའི་གསུང་བཤད།
༡༩༩༥ ལོར་མ་འོངས་བོད་ཀྱི་མདུན་ལམ་དེ་མང་མོས་འོས་བསྡུ་བྱས་ཏེ་ཐག་གཅོད་དགོས་པའི་བཀའ་སློབ་སྤྱི་ཕེབས་ལྟར་དབུ་མའི་ལམ་དང། རང་བཙན། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་བཅས་ཀྱི་གདམ་ཀ་བཞིའི་ཐོག་འོས་བསྡུ་བྱས་པར་བོད་མི་ཡོངས་ནས་དབུ་མའི་ལམ་ལ་མོས་མཐུན་དང་འོས་བསྡུ་མ་དགོས་པར་༸གོང་ས་མཆོག་གིས་དུས་ནས་དུས་སུ་ཐུགས་ལ་བརྣགས་པའི་བཞེད་དགོངས་ལྟར་ཐག་གཅོད་གནང་དགོས་ཞུ་མཁན་བརྒྱ་ཆ་༦༤་༦༠ བྱུང་བ་བཅས་ལ་བརྟེན། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་ལམ་སྟོན་གང་གནང་གི་སྐུ་དབང་ཡོངས་རྫོགས་༸གོང་ས་མཆོག་ལ་ཕུལ་ཡོད་པ་རེད། ཁྱེད་ཀྱིས་དབུ་མའི་ལམ་གྱི་གོ་དོན་གསལ་པོ་མ་རྟོགས་ན། དོན་སྙིང་གཉིས་སྨན་དབུ་མའི་ལམ་ནི། གཙོ་བོ་རྒྱ་ནག་མི་མང་ཡོངས་དང་བོད་མི་མང་ཡོངས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་གཟིགས་པའི་སྲིད་ཇུས་ཤིག་རེད། ཁྱེད་ནི་དམར་པོའི་རིང་ལུགས་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པས་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་ག་ལ་ཤེས། ཡང་ན་ཁྱེད་ཁ་ཞེ་གཉིས་མེད་ཀྱི་རང་བཙན་འདོད་མཁན་ཞིག་ཡིན་ན། རྒྱ་ནག་དམར་པོའི་གཞུང་གི་ཁ་གཏད་དུ་ལངས་ནས་བློ་ཐག་རྦད་ཆོད་ཀྱི་རང་བཙན་རྩོད་ལེན་མི་བྱེད་པ་གང་ཡིན་ནམ། དེ་ལྟར་གཉིས་སྨན་དབུ་མའི་ལམ་ནི་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེའི་མིན་པར། དེ་ནི་ཞི་བདེར་དགའ་བའི་བོད་རིགས་ཡོངས་ཀྱིས་ཉམས་ལེན་གནང་རྒྱུ་ཡིན། ཡང་བཙན་བྱོལ་བོད་གཞུང་གི་མིང་བྱང་དེ་བཞིན་གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བ་ཡིན་པ་ཁྱེད་གཅིག་པུའི་བསམ་བློ་རེད། གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བ་བོད་མི་ས་ཡ་དྲུག་གི་འདོད་དོན་ནི། བཙན་བྱོལ་གཞུང་གི་མིང་བྱང་མ་ཡིན་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ལ་གདན་འདྲེན་ཞུ་རྒྱུ་དང། གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་རྒྱུ་ཡོང་བའི་རེ་བ་ཡིན་པ་ཁྱེད་ཀྱིས་མ་ཤེས་སམ།
ཡང་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་གྲོས་ཚོགས་ལ་མ་བསྟན་པར་རྒྱ་མིར་སྤྲད་པ་ཞེས་པར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཞིན་སྤྱི་ནོར་༸གོང་ས་མཆོག་གི་བཀའ་དགོངས་ཡིན་པ། ཕྱི་ལོ་༢༠༡༠ ཟླ་༣ ཚེས་༨ ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་གསུང་འཕྲིན་ནང་གསལ་པོར་འཁོད་ཡོད་པ་ནི་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུངས་བྱེད་ཁུལ་ཡང་བསམ་འཆར་ཡིག་ཆ་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་དེ་རིགས་ཕྱི་གསལ་ནང་གསལ་མ་བྱུང་ན་མང་ཚོགས་ཐེ་ཚོམ་སྐྱེ་གཞིར་གནས་པས། ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་བྱེད་དགོས་ཞེས་ལམ་སྟོན་གནང་བ་ལྟར་གྲོས་ཚོགས་ནང་གསན་ཞིབ་དང་བགྲོ་གླེང་མཐིལ་ཕྱིན་བྱས་པའི་མཐའ་དོན་གྲོས་ཚོགས་ནས་གཞུང་འབྲེལ་གྲོས་ཆོད་བཞག་པའི་ནང། ད་བར་ང་ཚོས་བསམ་སྤྱོད་ཀྱི་ནུས་པས་མ་འདང་བའི་རྟོན་བཞིའི་འཇུག་ལྡོག་ནོར་བ་ཐམས་ཅད་ལ་བཟོད་གསོལ་ཞུ་བ་དང་། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆའི་ནང་དོན་རྣམས་༸གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་ཡིན་པ་གོ་རྟོགས་གསལ་པོ་བྱུང་བའི་གྲོས་ཚོགས་ལ་གྲོས་བསྡུར་གནང་དགོས་མ་མཆིས་པར། གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ཕྱག་བསྟར་གནང་བར་ངོས་འཛིན་ཞུ་རྒྱུ་ཞེས་གྲོས་ཆོད་བཞག་པ་ཁྱེད་ཀྱིས་མ་ཐོས་པ་ཡིན་ནམ། ཡང་ན་ཁྱེད་ཀྱི་རྒྱབ་ཏུ་སྐུལ་སློང་སྤེལ་མཁན་གང་འདྲ་ཞིག་ཡོད་དམ། རྒྱས་པར་ཤེས་འདོད་ན་གྲོས་ཚོགས་ཀྱི་གསན་ཞིབ་ལས་རིམ་ནང་གཟིགས་ན་ཆ་ཚང་ཤེས་ཐུབ།
དགའ་ལྡན་ཕོ་བྲང་སྒོ་བརྒྱབ་པ་དེ་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང། བོད་གཞུང་སྒོ་རྒྱག་རྒྱུ། རྒྱ་ལ་མགོ་འདོགས་རྒྱུ། དབུ་མའི་ལམ་ལ་སྐད་ཆ་བཤད་པའི་སྐབས་༸གོང་ས་མཆོག་ནས་མ་གོ་མདོག་མདོག་བྱས་ནས་མང་ཚོགས་ནང་འཛེམས་པ་སོགས་༸གོང་ས་མཆོག་ལ་ཡང་ཟུར་ཟ་སྣ་ཚོགས་བྱས་འདུག་པས། དེ་ཚོ་རེ་རེར་འགྲེལ་བཤད་ཆ་ཚང་རྒྱག་རྒྱུ་ཡོད་ཀྱང་འདིར་ཡིག་ཚོགས་མང་བས་བཀོད་མ་ཐུབ། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་དགའ་ལྡན་ཕོ་བྲང་༸གོང་ས་མཆོག་གི་བླ་བྲང་ལྟ་བུ་གནས་པ་དེ་ཚོ་ནི། ༸གོང་ས་མཆོག་གིས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པར་བསྩལ་བའི་གསུང་འཕྲིན་དང། ཆོ་འཕྲུལ་སྨོན་ལམ་ཆེན་མོར་གསུང་པའི་བཀའ་སློབ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་བསྩལ་བའི་བཀའ་སློབ་བཅས་ལ་གཟིགས་ན་ཆ་ཚང་ཤེས་ཐུབ། ད་དུང་ཁྱེད་ཀྱིས་བཤད་པའི་དོན་གནད་གཉིས་པ་དང་གསུམ་པ་སོགས་ལ་འགྲེལ་བཤད་ཆ་ཚང་རྒྱག་རྒྱུ་ཡོད་པས་འདིར་ཡིག་ཚོགས་མང་བས་བཀོད་ཐབས་བྲལ། འོན་ཀྱང་ཁྱེད་ཀྱི་ང་ལ་འགྲེལ་བ་གནང་ཚེ་འགྲེལ་བཤད་ཆ་ཚང་རྒྱག་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།
མཁྱེན་ལྡན་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། སྤྱིར་སྨྲ་བརྗོད་རང་དབང་ནི་སྐྱེས་བུ་སོ་སོའི་གཞི་རྩའི་ཐོབ་ཐང་ཡིན་ཡང། གཞན་གྱི་ཟེར་སྒྲོས་དང། ཁུངས་ལུང་མེད་པ། ཕྲག་དོག ཟུར་ཟ་སྐུར་འདེབས། སྤྱི་ཚོགས་འཆམ་མཐུན་མེད་པ་བཟོ་བ་སོགས་ནི་སྨྲ་བརྗོད་རང་དབང་གི་དོན་སྙིང་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་འདི་བཞིན་༸གོང་ས་མཆོག་གི་དབུ་འཁྲིད་པའི་ལམ་སྲོལ་ཡང་དག་པའི་འོག་འཛམ་གླིང་ཁྱོན་ཡོངས་ལ་ཉི་མ་ཤར་བ་ལྟར་ཡར་རྒྱས་འགྲོ་བཞིན་པར་དཀྲུག་ཤིང་ཁོ་ན་ཡིན་པས། རྗེ་ས་པཎ་གྱིས་བལ་བོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།ཞེས་པ་ལྟར་གང་ཟག་དེ་རིགས་ལ་དོགས་ཟོན་གནང་དགོས་པ་ཞུ་རྒྱུ་བཅས།།
ཀོ་ལི་གྷལ་ས་འཐུས་ཚོགས་གཞོན་གུས་འཕན་པོ་སྐལ་ལྡན་གྱིས།