བོད་མི་ནང་གསོད་བྱེད་པའི་ངན་བྱུས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༥༡
བོད་ནང་དང་ལྷག་པར་མདོ་ཁམས་ཁུལ་དུ་བོད་པ་ནང་གསོད་ཀྱི་དོན་རྐྱེན་ཧ་ཅང་མང་པོ་ཞིག་ཡོང་བཞིན་ཡོད་པ་དང་། ཉེ་བའི་ཟླ་ཤས་རིང་དུའང་ནང་ཁུལ་དམར་གསོད་བཏང་བའི་དོན་རྐྱེན་གང་མང་ཞིག་བྱུང་ཡོད།
རྒྱ་གཞུང་གིས་སྲིད་བྱུས་གུ་ཡངས་ཟེར་བ་བཏང་བའི་རྗེས་སུ་བོད་རིགས་ནང་ཁུལ་དམར་གསོད་བཏང་བའི་གྲངས་ཀ་ལ་ཞིབ་འཇུག་ཅིག་བྱས་ན་ཧང་སངས་དགོས་པ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། བོད་ལ་རང་དབང་དགོས་སྐོར་ཁ་ནས་བརྗོད་པ་ཙམ་གྱིས་དུས་ཡུན་རིང་པོར་བཙོན་འཇུག་བྱེད་བཞིན་ཡོད་མོད། བོད་མི་ནང་ཁུལ་འཁྲུག་འཛིངས་བྱས་ནས་དམར་གསོད་བཏང་བའི་སྐབས་རྒྱ་གཞུང་གིས་བར་འདུམ་དང། ལག་དམར་བ་རྣམས་ལ་ཁྲིམས་ཆད་ཆེན་པོ་མེད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ས་གནས་མང་ཆེ་བར་མེ་མདའ་རིང་ཐུང་སོགས་གོ་མཚོན་སྣ་ཚོགས་ཉར་ཡང་རྒྱ་གཞུང་གིས་དམ་དྲག་བྱེད་ཀྱི་མེད་པས། བོད་མི་བསམ་མེད་ཚོས་ཕན་ཚུན་ནང་ཁུལ་གསོད་རེས་གཏོང་རྒྱུར་སྟབས་བདེ་བསྐྲུན་ཡོད།
ཉེ་བའི་ཟླ་གཉིས་མ་ཟིན་ཙམ་གྱི་རིང་རྫ་ཆུ་ཁ་དང་གསེར་རྟ་རྫོང་གཉིས་ཁོ་ནར་བོད་མི་བཅུ་གྲངས་ཤིག་ནང་ཁུལ་གསོད་རེས་བྱས་ཡོད་པ་དང་། རྒྱ་གཞུང་གིས་དེ་ལ་བྱུས་གཏོགས་དང་དམ་དྲག་གང་ཡང་བྱེད་ཀྱི་མེད་པ་རེད། བོད་པ་བསམ་མེད་ཚོས་ནང་ཁུལ་དུ་འཁྲུགས་འཛིངས་ཀྱིས་རྒྱ་དམར་གཞུང་གི་འདོད་དོན་དངོས་སུ་སྒྲུབ་བཞིན་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད། བོད་པ་ནང་ཁུལ་དུ་དམར་གསོད་གཏོང་བ་དང་། ཆིག་སྒྲིལ་མེད་པའི་གནས་ཚུལ་ཡོང་བཞིན་པ་ནི་རྒྱ་དམར་གཞུང་གི་རྒྱལ་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། བོད་པ་ཚང་མ་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོད་ན་རྒྱ་དམར་གཞུང་གིས་བོད་མུ་མཐུད་དབང་བསྒྱུར་བྱ་རྒྱུར་འགལ་རྐྱེན་ཡོད་པས། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་བོད་མི་ནང་གསོད་བྱེད་བཞིན་པར་ཁ་འཛུམ་ཁོག་བགད་ཀྱིས་ལྟད་མོ་བལྟ་བཞིན་ཡོད་པ་རེད།
བོད་མི་རིགས་ལ་མཚོན་ན་རྒྱ་དམར་གཞུང་གི་མནར་གཅོད་འོག་བོད་མི་འབུམ་བཅུ་གཉིས་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཕྲོག་བྱས་ཡོད་པ་མ་ཟད། རང་གི་ས་གནས་ནས་རང་ཉིད་གྲངས་ཉུང་མི་རིགས་ཆགས་བཞིན་ཡོད་ཀྱང་། དེ་དག་ལ་ཅི་མི་སྙམ་པར་ད་དུང་དེའི་ཐོག་ནང་ཁུལ་གསོད་རེས་དང། ནང་ཁུལ་དགྲ་ཤ་ལེན་རེས་ཁོ་ན་བྱེད་པའི་ལམ་སྲོལ་ངན་པ་འདི་རིགས་རྩ་བ་ནས་སྤང་དགོས་པ་གལ་ཆེན་པོ་ཡིན། དེ་ལྟར་བྱེད་མ་ཐུབ་ན་བོད་མི་རིགས་ནི་རྒྱ་གཞུང་གིས་བརྗོད་པ་བཞིན་ཀླ་ཀློ་དང་བླུན་རྨོངས་དུད་འགྲོ་ཁྱུ་ཚོགས་ཤིག་དང་མི་མཚུངས་པ་མེད་ལ། ༸གོང་ས་མཆོག་གིས་ཡ་རབས་བཟང་སྤྱོད་དགོས་པའི་ལམ་སྟོན་བཀའ་སློབ་ཟབ་མོ་དག་ཀྱང་རྣ་རྒྱབ་ཀྱི་རླུང་དང་གཅིག་མཚུངས་སུ་གྱུར་པ་རེད།
རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་“དམངས་གཙོའི་”བཅོས་བསྒྱུར་ཟེར་བའི་སྐབས་དང་། དེའི་རྗེས་སུ་རིག་གནས་གསར་བརྗེ་ཟེར་བའི་སྐབས་ཕྱི་ཡི་མནར་གཅོད་དང་ནང་གི་བཟའ་བཏུང་མེད་པའི་དཀའ་ངལ་སྣ་ཚོགས་སྤྲད་ཡོད་ཀྱང་། སྐབས་དེ་དུས་ནང་ཁུལ་འཁྲུགས་འཛིང་བྱུང་ནས་དམར་གསོད་བཏང་བའི་ལོ་རྒྱུས་དཀོན་ལ། སྡུག་བསྔལ་ལ་བཟོད་བསྲན་གྱིས་མ་ཁར་སོས་བཏབ་ནས་བོད་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱ་སེམས་ལ་ཉར་ནས་བསྡད་ཡོད། དེང་སྐབས་བོད་ནང་གི་བོད་མི་རྣམས་ལ་རང་དབང་ཆེན་པོ་མེད་ཀྱང་བཟའ་བཏུང་གི་དཀའ་ངལ་མེད་པ་དང་། མ་ཎི་འདོན་པ་དང་འཁོར་ལོ་སྐོར་བ་ཙམ་གྱི་རང་དབང་ཡོད་པའི་དུས་འདིར་ནང་ཁུལ་འཁྲུགས་འཛིངས་བྱེད་པ་ནི་བསམ་ཤེས་གཏན་ནས་མེད་པའི་བྱེད་སྟངས་ཤིག་རེད།
སྤྱིར་མདོ་ཁམས་ཁུལ་གྱི་བོད་པ་རྣམས་ལ་མཚོན་ན་རྒྱག་རེས་བརྒྱབ་ནས་ཕམ་ཁ་ཁུར་ན་བློ་ཁོག་མེད་མཁན་དང་། རྒྱག་རེས་མི་རྒྱག་མཁན་ཡིན་ན་རང་བཞིན་གྱིས་མི་གཉོམ་ཆུང་ནུས་མེད་ཅིག་ཏུ་བརྩི་སྲོལ་ཡོད། རྒྱག་རེས་བརྒྱབ་ནས་ཁེ་ཁ་ཅུང་ཙམ་རེ་རག་མཁན་རྣམས་མི་འཇོན་ཐང་ཡོད་མཁན་དང་བློ་ཁོག་ཅན་དུ་བརྩི་སྲོལ་ཡོད་པས་རྒྱག་རེས་མི་རྒྱག་ཀ་མེད་ཀྱི་གོམས་གཤིས་འདི་ཡང་ཡ་ང་བའི་ནང་གསོད་འདི་དག་གི་འབྱུང་རྐྱེན་གཙོ་བོ་ཞིག་རེད། དེར་བརྟེན་བསམ་བློའི་འདུ་ཤེས་ངན་པ་དེ་རིགས་གཙང་སེལ་བྱེད་མ་ཐུབ་ན་མུ་མཐུད་ནང་ཁུལ་དུ་མི་གསོད་ཀྱི་དོན་རྐྱེན་ལྷགས་ངེས་པ་དང་། བག་ཆགས་ངན་པ་རྩ་མེད་གཏོང་དགོས་ན་འདིའི་རིགས་ངེས་པར་དུ་གཏོང་དགོས་པས་ཤེས་ཡོན་ཅན་གྱི་དཔུང་ཁག་གིས་ཀྱང་འདི་རིགས་ལ་སྐྱོན་བརྗོད་ནན་པོ་བྱེད་དགོས།
༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་ཕྱི་ལོ་༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་བསྩལ་བའི་སྐབས། གཅན་གཟན་པགས་རིགས་གོས་རྒྱན་མཚམས་འཇོག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ་བ་དང་། དུས་ཐུང་ནང་བོད་ས་སྟོད་སྨད་བར་གསུམ་ནས་སྟག་གཟིག་སྲམ་གསུམ་སོགས་པགས་རིགས་ཀྱི་གོས་རྒྱན་རྩ་མེད་བཏང་བ་སོགས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་བརྟེན་བོད་མི་རིགས་ཀྱི་སེམས་ནང་དུ་༸གོང་ས་མཆོག་ལས་རྩ་ཆེ་བའི་མི་སྣ་གཞན་སུ་གཅིག་མེད་པས། ཕྱི་ལོ་༢༠༡༢ ལོའི་དུས་དབང་སྐབས་ལྟ་བུ་ཞིག་ཏུ་གོ་མཚོན་སྤང་དགོས་པ་དང་། ནང་ཁུལ་འཁྲུགས་འཛིངས་ཀྱིས་དམར་གསོད་གཏོང་བཞིན་པ་འདི་དག་མཚམས་འཇོག་ངེས་པར་དུ་དགོས་པའི་ལམ་སྟོན་ཟབ་མོ་ཞིག་གནང་ན་གྲུབ་འབྲས་ཐོན་ངེས་པ་ལས། གཞན་སུ་གཅིག་གིས་ནུས་པ་ཐོན་ཐུབ་ཐབས་མེད།།
{jcomments on}