ལོག་ལྟ་གསལ་བའི་བདེན་གཏམ།

བོད་ནང་ཡོད་བའི་དཔལ་བོ་དང་དཔའ་མོ་རྣམས་ཀྱིས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གྱི་སྲུང་སྐྱོབ་དོན་ཏུ་རང་སྲོག་བློས་གཏོང་བྱེད་བཞིན་ཡོད་ན་ཡང། བཙན་བྱོལ་དུ་གནས་པའི་བློ་རྒྱ་ཆུང་བའི་མི་རེ་ཟུང་ནས་༧གང་ཉིད་ལ་གཞི་མེད་ཀྱི་སྐྱོན་འཛུགས་གནང་མཁན་ཡང་ཡོད།  

མི་དེ་དག་གི་གཞི་མེད་ལོག་བཤད་ནི་བཙན་བྱོལ་སྤྱི་ཚོགས་མང་གཙོ་ཡང་དག་མིན་ཚུལ་དང་། དཔལ་ལྡན་བཀའ་ཁྲི་མཆོག་ནི་༧གོང་ས་མཆོག་གི་ཞབས་ཞུ་གནང་མཁན་ཙམ་ལས་མི་མང་གི་སྐུ་ཚབ་མཚོན་པའི་ཕྱག་ལས་གནང་གི་མེད་ཚུལ། ༧གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་བསྡུ་བསོག་རྒྱག་པའི་དབང་ཆ་མེད་ཚུལ་སོགས་ཀྱི་མི་མཁས་མཁས་མདོག་གི་འཆལ་གཏམ་ཧ་ཅང་མང་།  དངོས་གནས་མཁས་པ་ཡིན་ན་མ་མཐུན་པ་རྣམས་མཐུན་པ་དང་མ་ཤེས་པ་རྣམས་སློབ་པ་སོགས་ཀྱི་མཐུན་གསུམ་ཚང་བ་ཞིག་དགོས།


འོན་ཀྱང་བདེན་གཞི་མེད་པའི་ལོག་བཤད་གནང་མཁན་དེ་དག་ནི་ཕྱི་ཡི་ལུས་འཚོ་མི་དང་འདྲ་ཡང་ནང་གི་སེམས་པ་དུད་འགྲོ་ལས་ཀྱང་སྡུག། ལྷག་དོན། དཔལ་ལྡན་བཀའ་ཁྲི་མཆོག་གིས་གཞི་མེད་སྐྱོན་འཛུགས་ཁག་ལ།  མདའ་མོ་འབེན་ལ་ཕོག་པ་ལྟ་བུ་ལན་འདེབས་གནང་ཐུབ་ཀྱི་ཡོད། ཡང་མི་དེ་དག་གིས་རྒྱལ་ཞེན་དང་ལ་རྒྱ་ཡོད་མདོག་གིས་༧མགོན་པོ་གང་ཉིད་ཀྱིས་བཀའ་གསུང་ཅི་སྒྲུབ་གནང་མཁན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལའང་ཁུངས་མེད་སྐྱོན་འཛུགས་གནང་བ་སྟེ།  གཞིས་བཞུགས་བོད་མི་རྣམས་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ནི་རྐུབ་པ་དང་རྨོངས་དད་ཡིན་ཚུལ་སོགས་རང་ཉིད་གང་དྲན་བཤད་པ་ནི་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ལ་གཞི་མེད་གྱི་དམའ་འབེབས་བྱས་པ་ལས་མ་འདས། ལྷག་དོན་ཉེར་ཆར། ཕྱི་ཟླ་༨ ཚེས་༡༠ ཉིན་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༤༥ ཐོག་ལ་ཀླུ་མཁར་བྱམས་ཀྱིས་རྩོམ་ཡིག་རྗེན་པའི་ཕེབས་སྐྱེལ་དང་རེ་དོགས་བསུ་བ། ད་དུང་ལྷག་པའི་བློ་འགྱོད། ཞེས་པར་གསལ་བཤད།


༡ བོད་མི་སྒྲིག་འཛུགས་བསྣམས་ནས་ཕེབས་རོགས། རང་སྐྱོང་མདོན་འདོད་ཀྱི་བསམ་འཆར་ཡིག་ཆ་བསྣམས་ནས་ཕེབས་རོགས། བཙན་བྱོལ་བོད་གཞུང་གི་མིང་བྱང་གཅིག་པོ་ང་ཚོར་རང་འཇགས་ཤིག་འཇོག་གནང་རོགས། མིང་བྱང་དེ་ནི་ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ་ཡིན།


ལན། སྤྱི་ལོ་༡༩༥༩ ཟླ་༤ ཚེས་༢༤ ཉིན་རྒྱ་གར་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གསར་འཛུགས་གནང་སྐབས་ནས་མིང་བྱང་བོད་མིའི་སྒྲིག་འཛུགས་(CENTRAL TIBETAN ADMINISTRATION)ཡིན་པ་ལས་བོད་གཞུང་ཞེས་མིང་བྱང་དེ་དུས་ནས་མེད། འོན་ཀྱང་བོད་ཡིག་ཐོག་བོད་གཞུང་བཀའ་ཤག་སོགས་བྲིས་ཡོད་ཀྱང་འཛམ་གླིང་གཞུང་འབྲེལ་ཐོག་ཡིག་ཆ་གཅིག་གི་ནང་དུའང་བོད་གཞུང་ཞེས་བྲིས་ཐུབ་པ་བྱུང་མེད། དུས་སྐབས་བོད་ཡིག་ཐོག་སྒྲིག་འཛུགས་ཞེས་བྲིས་ཡོད་པ་ནི་དབྱིན་ཡིག་བོད་ཡིག་ཏུ་བསྒྱུར་ཡོད་པ་ཙམ་ལས་མ་འདས། མིང་བྱང་སྔར་བཞིན་གནས་ཡོད། གལ་ཏེ་མིང་བྱང་བོད་གཞུང་ཞེས་པ་དེར་ཆེ་མཐོང་དང་དགའ་ཞེན་ཡོད་ན་འཛམ་གླིང་རྒྱལ་སྤྱིའི་ནང་བཙན་བྱོལ་བོད་གཞུང་ངོས་ལེན་ཡོང་ཐུབ་ཐབས་བྱེད་དགོས། དེ་དག་བྱུང་ན་བོད་གཞུང་ཞེས་འབོད་པར་འཛད་དཀའ་གང་ཡང་མེད།  དེ་མ་གཏོགས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། འབྲེལ་ཡོད་དབུ་འཁྲིད་རྣམས་ལ་མིང་བྱང་འཇོག་རོགས་ཞེས་ཤོད་ན་ཅི་ཕན། གནམ་རྡོ་ས་ལ་ལྷུང་ན། ཐབ་རྡོ་མི་བྱེད་རང་བྱེད་ཡིན་པ་ལས། དཔལ་ལྡན་བཀའ་ཁྲི་སོགས་ཀྱིས་མིང་བྱང་བོད་གཞུང་ཞེས་པས་འདིར་མི་དགའ་མཁན་སུ་ཡང་ཡོད།


༢ དེ་བཞིན་འདི་གར་ཡང་གནམ་ས་བླ་འོག་བརྗེ་ཆོག་ཀྱང་ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་ཟེར་བ་ཡག་རྟགས་ཤིག་མིན།

ལན།  ལམ་དབུ་མའི་སྲིད་བྱུས་ནི་༧གོང་ས་མཆོག་ནས་ཐབས་ལམ་སྟོན་པ་ཙམ་ལས་དབུ་མའི་ལམ་གྱི་སྦྱོར་དངོས་རྗེས་གསུམ་ཡོངས་རྫོགས་བོད་མི་དམངས་ནས་བསམ་ཤོག་བསྡུ་ལེན་དང་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མི་གྲོས་ཆོད་ཐོག་ནས་མི་མང་གི་མངོན་འདོད་ལྟར་གཏན་འབེབས་གནང་བ་ལས་༧གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་སྐུ་གཉིས་ཀྱིས་བཙན་བཀའ་གནང་བ་ཞིག་གཏན་ནས་མིན། བཀའ་ཁྲི་ཕེབས་དང་མ་ཕེབས་དང་ལམ་དབུ་མའི་སྲིད་བྱུས་གནས་དང་མ་གནས་གཉིས་བར་འབྲེལ་བ་གང་ཡང་མེད།


༣ བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་མཁན་ལས་ཀྱང་ཉེན་ཁ་ཆེན་པོ་རེད་ཟེར་ནས་དྲིལ་བསྒྲགས་པ།

ལན།  བོད་རང་བཙན་རྩོད་མཁན་རྣམས་ཀྱིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེར་བསྐྱར་གསོ་ཡོང་ཕྱིར་འཐབ་རྩོད་བྱ་བཞིན་ཡོད་ཅེས་དཔལ་ལྡན་བཀའ་ཁྲི་མཆོག་གིས་ཡང་ཡང་གསུང་བཞིན་ཡོད་པ་ལས་བོད་རང་བཙན་རྩོད་མཁན་རྣམས་ལ་ཉེན་ཁ་ཆེན་པོ་ཡོད་ཚུལ་དྲིལ་བསྒྲགས་པ་དེ་སུས་ཀྱང་གོ་ཐོས་བྱུང་མེད། དེ་ནི་རྣམ་རྟོག་དགྲ་ལ་ལངས་ན་ཁང་སྟོང་རྐུན་མ་ལྡང་ཞེས་པ་ལྟར་རོ།།


༤ གྲུབ་འབྲས་མེད་སར་གཟེངས་བསྟོད་བདག་རྐྱེན་ནི་ཡོད་ཡོད་པ་ཡིན་ལ།

ལན།  གྲུབ་འབྲས་མེད་པར་གཟེངས་བསྟོད་སྤྲོད་པ་ནི་འཛམ་གླིང་ཐོག་བྱུང་མྱོང་མེད་། མི་བཟང་དང་དོན་བཟང་ལ་གཟེངས་བསྟོད་བྱེད་པ་སྟེ།  ཆེ་ས་འཛམ་གླིང་གི་རྩེད་འགྲན་དང། ཆུང་ས་ཁང་ཚན་ནང་ཁུལ་གྱི་རྩེད་འགྲན་སོགས་དང་།  དེ་བཞིན་ཆེ་ས་འཛམ་གླིང་ཞི་བདེ་ཡི་དཔའ་བོ་དང་ཆུང་ས་བྱིས་པའི་ཡིག་ཚད་སོགས། དཔའ་བོ་དཔའ་མོ་རྣམས་ལ་སྤྲོད་སྲོལ་ཡོད་པ་ལས། དཔེ་ངན་ལ་གཟེངས་བསྟོད་གནང་སྲོལ་མེད་། ༧གང་གཉིས་ལ་གཟེངས་བསྟོད་ཕུལ་བ་རྣམས་ལ་རྗེས་སུ་ཡིད་རང་སྐུའི་གསོལ་བ་ལས་གཞན་ཅི་ཡོད། སོ་ཡོད་ཀྱིས་སྲན་མ་ཟ་བར་།  སོ་མེད་སྙིང་རླུང་ལངས་ན་བྱེད་ཐབས་བྲལ།


༥ གསར་གཏོད་དང་རང་མགོ་རང་ཐོན་བཤད་བསྡད་ཡོད་མོད། དེ་གསུམ་ཀ་བཀའ་ཁྲི་ཟམ་གདོང་གིས་གནང་ཚར་འདུག་ཅེས། ཁྲི་གསར་ཁྲི་ལ་མ་བྱོན་གོང་དམ་བཅའ་ཕུ་ཐུང་ནང་ཞིག་དོན་ཅི་རེད། ཕོ་གསར་སྟག་འདྲ་པོ་དེ་མྱུར་མོ་ཉ་ནང་བཞིན་ཞིག་ཆགས་འདུག་ཟེར་ན་བློ་མི་བདེ་ཚད་རེད།

ལན།  ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན་གསུམ་ཀར་བཀའ་ཁྲི་ཟམ་གདོང་མཆོག་གིས་གནང་ཚར་འདུག་གསུངས་པ་ནི། དམ་བཅའ་ཕུ་ཐུང་ནང་ནས་ཞིག་པ་ཞིག་མིན། དེ་ནི་དངོས་ཡོད་བདེན་གཏམ་བཤད་པ་ལས་། མ་བདེན་རྫུན་བསྟོད་བྱས་པ་ཞིག་མིན། ཕོ་དཔའ་བོ་ཡིན་ན་བདེན་པ་བཤད། ལས་རྒྱུ་འབྲས་ཤེས་ན་དྲང་ཚོད་བཟུང་། ཞེས་པའི་དཔེ་ལྟར་དྲང་བདེན་ལ་དགའ་བའི་མི་དམངས་རྣམས་ཀྱིས་བསྟོད་བསྔགས་བྱས་ཡོད་པ་ལས། ཕོ་གསར་སྟག་འདྲ་བ་དེ་མྱུར་མོ་ཉ་ནང་བཞིན་ཆགས་འདུག་ཟེར་བ་རྣ་བའི་ཡུལ་ལ་མ་ཐོས། དེ་མ་ཟད་མི་དམངས་རྣམས་བློ་བདེ་བག་ཕེབས་ངང་གནས་ཡོད་པ་ལས་སེམས་ཁྲལ་བྱ་མི་སུ་ཡང་མེད་ལ་ཁྱེད་རང་ཡང་སེམས་ཆུང་གནང་མི་དགོས།   སེམས་ཆུང་སེམས་ལ་བདེ་བ་མེད།


༦ རྒྱལ་བ་ཡིད་བཞིན་ནོར་བུ་དང་ཟམ་གདོང་སྣང་སྲིད་ཟིལ་གནོན་ལྟ་བུ་།  ཚོགས་གཙོ་སྤེན་ཚེ་ནང་བཞིན་གནས་ལུགས་རྗེན་པ་གཏན་ནས་མི་གོ་བར། དད་པ་དག་སྣང་ཁ་ལ་ཟོས་ཤིང་རྒྱབ་ལ་གོན་ནས་འཚོ་བཞིན་པའི་ཨ་ཕྲུག་ལུང་པ་གང་པོས་་་་་་

ལན། མི་ངན་ཁ་ནས་བདེན་གཏམ་གཅིག ཞེས་པའི་དཔེ་ལྟར་བདེན་གཏམ་རང་རེད། ༧རྒྱལ་དབང་མཆོག་དང་ཟམ་གདོང་སྣང་སྲིད་ཟིལ་གནོན་མཆོག་སྐུ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྒོ་བརྒྱབ་མ་དགོས་པ་བྱུང་བ་མ་ཟད། སྣང་སྲིད་བང་མཛོད་འདྲ་བ་རང་མ་བྱུང་ནའང་བོད་པའི་དཔེ་ལྟར། ཤ་རང་མགོ་ཐོན་ནས་ཚིག་ཕོ་བ་གང་ལྷག ཅེས་པ་ལྟར་བྱུང་བ་ནི། སྣང་སྲིད་ཟིལ་གནོན་རང་གི་བཀའ་དྲིན་ཡིན་ནོ།།


ཚོགས་གཙོ་སྤེན་ཚེ་སོགས་ཨ་ཕྲུག་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་ཧ་ཅང་མང་།  དེ་མ་ཟད་བོད་མི་རྣམས་ཀྱིས་ཨ་ཕྲུག་ཚོ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དཔའ་བོ་དང་དཔའ་མོ་སོགས་ངོས་འཛིན་བྱེད་པ་ལས་དད་པ་དང་དག་སྣང་ཁ་ལ་ཟིན་ནས་བསྡད་མཁན་གྱི་ཨ་ཕྲུག་ཞིག་ལ་ངོས་མི་འཛིན།


༧ མ་གཞི་བོད་ཀྱི་ཨོ་བྷ་མ་སྟེ། སློབ་སྦྱོང་འགྲིགས་ཐག་ཆོད་ཡིན་མོད། ཙི་ཙི་རྒྱུག་ལམ་ལས་ཀྱང་གུ་དོག་བའི་རྡ་སའི་སྲིད་སྟེགས་སྟེང་གི་འཁྲབ་ཚན་ཞིག་ཡོང་ཆེད། ཉིད་ཀྱི་རང་བཙན་གྱི་ལྟ་བ་གལ་ཆེན་པོ་དེ་དོར་ནས་ལམ་དབུ་མའི་ཁེ་ཕན་ཤོག་ཁག་ནང་ཞུགས་པ་སོགས་་་་་་་་

ལན།  ཨོ་བྷ་མ་ནི་གང་ཤེས། བོད་པའི་མཁས་པའི་དབང་པོ་རང་རེད་། ཙི་ཙི་རྒྱུག་ལམ་ལས་དོག་བའི་རྡ་སའི་སྲིད་སྟེགས་གང་ཤེས། རང་ཕྱོགས་ལ་རྒྱབ་སྐྱོར་མེད་ན། རང་སེམས་ཀྱི་གུ་དོག་པའི་སེམས་ཆུང་རེ་གཉིས་འདུག རང་བཙན་གྱི་ལྟ་བ་དོར་བ་ནི་གང་ཤེས། དམ་བཅའ་འགལ་མེད་ཐོག་ཕྱག་ལས་གནང་བ་ནི་དགའ་འོས་པ་རང་རེད། མ་གཞི་ཁྱོད་ལ་ཐུགས་ཁག་མེད། ཁ་ན་ན་དང། མིད་པ་ཚ་ཚ་རྒྱབ་སྐད་གྲགས་ཡོད་ཚེ་ཡིན། འོས་ཤོས་མཚམས་ཤོས་རེད་ཀྱང་ལབ་ཡོད་ས་ཡོད། ཁ་ཏན་ཚིག་ལ་གནས་ནས་རྒྱབ་སྐྱོར་བྱ་གལ་ཆེ། ཧ་ཧ་ཆར་སྣེ་རླུང་འཁྲིད་དང། ངན་པ་སྣེ་འཁྲིད་བྱེད་མི་རུང་།

 

༨ ཁོ་བོ་ཙམ་ལ་བལྟས་ན་། ༧གང་ཉིད་ཀྱི་སྐུ་འཚོ་བཞུགས་སྐབས་ལམ་དབུ་མའི་སྲིད་བྱུས་འདིར་ས་མཚམས་ཆུ་མཚམས་ཤིག་བཟོ་རྒྱུ་དང།  བྱུང་ན་ཉིད་ཀྱི་ཤུལ་ལ་མ་ལྷག་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་།  དགའ་ལྡན་ཕོ་བྲང་ཁྲི་ལས་གཤོལ་བ་དང་། བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བ། མ་འདས་སྤྲུལ་སྐུ་བཙལ་བ་ལས་ཀྱང་ཁ་ཚ་དགོས་གཏུགས་སུ་གྱུར་འདུག

ལན། གྲི་རྣོ་མེད་ལག་ལ་གཟན། གཏམ་དོན་མེད་རྣ་བ་གཟན། ཞེས་པ་ལས་མ་འདས་ཀྱང། རྗེ་བདག་ཉིད་ཆེན་པོ་ཁོང་ལྟ་བུ་ལ། ཁུངས་མེད་སྐྱོན་འཛུགས་བྱེད་མཁན་བྱུང་ན། དེ་ལ་བདེན་པའི་གསལ་བཤད་མི་བྱེད་གནས་ཐབས་གང་ལ་ཡོད་། སྤྱིར་རང་དབང་མང་གཙོ་ལུང་པའི་ནང། སྨྲ་བརྗོད་རང་དབང་ལ་འཛད་དཀའ་མེད་ཀྱང་། མི་ནག་མེད་ལ་ནག་དང་། རྡོ་ཟུར་མེད་ལ་ཟུར་ཞེས་པའི་དཔེ་ལྟར་གཞི་མེད་ཀྱི་སྐྱོན་བརྗོད་རྣམས་ལ། བདེན་པས་གསལ་བཤད་བྱ་རྒྱུ་ནི་རང་དབང་མང་གཙོའི་ལས་འགན་ཡིན།  ༧གང་ཉིད་སྐུ་འཚོ་བཞུགས་གནས་མིན་དང། ལམ་དབུ་མའི་སྲིད་བྱུས་ཟིན་མིན་གཉིས་བར་འབྲེལ་བ་རྩ་བ་ནས་མེད་།  གོང་ལ་བཤད་པ་ལྟར་ལམ་དབུ་མའི་སྲིད་བྱུས་ནི་༧གང་ཉིད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཤི་གསོན་མཚམས་ལས་སྐྱོབ་ཐབས་ཀྱི་སླད་དུ་ལམ་སྟོན་མཛད་པ་ཙམ་ལས། ༧གང་ཉིད་ཀྱི་བཙན་བཀའ་གནང་བ་ནི་བྱུང་མྱོང་མེད། མགོན་པོ་མཆོག་གི་ལམ་སྟོན་འཛད་པ་ལ། ཆོལ་གསུམ་བོད་རྒྱ་ཆེའི་མི་མང་གི་མང་མོས་ཐོག་རྒྱབ་སྐྱོར་ཐོབ་པ་དང། བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྱར་བརྣན་ཡང་བརྣན་གྱི་ཐོག་ནས་སྤྱི་མོས་ཀྱི་གྲོས་ཆོས་བཞག་པར་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི། ཁྲིམས་ཀྱི་དབང་བསྒྱུར་ཡིན་པ་ལས་གང་ཟག་དབང་བསྒྱུར་མེད་སྟབས། བོད་མི་མང་སྤྱི་འཐུས་ནས་སྤྱི་མོས་གྲོས་ཆོས་གཞིར་བཟུང་བཀའ་ཤག་གི་ལམ་དབུ་མའི་སྲིད་བྱུས་ལག་བསྟར་བྱེད་པ་ལས་༧ཉིད་ནས་བཙན་བཀའ་གནང་ནས་སྲིད་བྱུས་བཟོ་བ་ཞིག་མིན་པ་ནི། མགོ་ལ་རྭ་སྐྱེས་པ་དང་ཁ་ལ་རྩྭ་ཟ་མཁན་རྣམས་ཀྱིས་ཀྱང་ཤེས་ཚད་ཡིན།  གལ་ཏེ་ལམ་དབུ་མའི་སྲིད་བྱུས་ཀྱི་ས་མཚམས་ཆུ་མཚམས་ཀྱི་བཟོ་དགོས་ན། སྤྱི་བོད་རྒྱལ་ཁབ་ཆེན་པོའི་མི་མང་ནས་རྒྱབ་སྐྱོར་དང་ལྷག་དོན་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་མཁན་གྱི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཅའ་ཁྲིམས་བསྒྱུར་བཅོས་གནང་དགོས་པ་ལས། ༧གང་ཉིད་དང་བཀའ་ཁྲི་གསར་རྙིང་སོགས་སུ་ལའང་ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་བཏང་བའི་དབང་ཚད་མེད།  ཁ་ཚ་དགོས་གཏུགས་སུ་ལམ་དབུ་མ་ལ་འགྱུར་བ་ཞིག་དགོས་ཚེ། དང་པོ་བོད་རྒྱ་ཆེ་མི་མང་ལ་བསམ་བློ་གཏང་སའི་ཐབས་ལམ་ལའང་གྲོས་གཞི་དོན་དང་ལྡན་པ་ཞིག་སྟོན་དགོས། དེ་འདྲ་ཞིག་ལ་མང་གཙོའི་རྒྱབ་སྐྱོར་ཐོབ་པ་བྱུང་ན། མང་ཚོགས་ཀྱི་སྤྱི་ཚོགས་ནང་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་ཡིན་ན། སྲིད་བྱུས་གང་ཞིག་ཡིན་ཡང་འགྱུར་བ་གཏོང་བར་འཛད་དཀའ་གང་ཡང་མེད། གལ་ཏེ་མི་མང་གི་རྒྱབ་སྐྱོར་མེད་ཚེ། སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་བྲལ་བ་ལས།


༧གང་ཉིད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འདི་བྱེད་དང་འདི་མ་བྱེད་གསུངས་པ་ཡིན་ན་མང་གཙོ་མིན་ལ་༧གང་ཉིད་ཀྱིས་ག་དུས་ཡིན་ཡང་བོད་ཀྱི་དོན་དག་ནི་བོད་རྒྱ་ཆེའི་མི་མང་གི་ཐག་བཅོད་གནང་དགོས་པ་ལས་གཞན་སུས་ཀྱང་ཚབ་བྱེད་མི་ཐུབ་ཅེས་ཡང་ཡང་གསུངས་ཡོད།  ལམ་དབུ་མའི་སྲིད་བྱུས་ལ་གལ་ཏེ་འགྱུར་བ་ཞིག་དགོས་ན། ཁྱེད་ཁ་བཤད་ལ་ཉི་མ་ཤར། ལག་ལེན་ལ་མུན་པ་རུབ་ནས་མ་བསྡད་པར། ལམ་དབུ་མ་སྲིད་བྱུས་ལས་ཀྱང་ལྷག་པ་སྲིད་བྱུས་དོན་ཕན་ལྡན་པ་ཞིག་བསྟན་ཐུབ་པ་བྱེད་དགོས་པ་ལས།  གཞན་ཁྲི་གདུགས་ཉི་མ་ཀུན་ལ་མཛེས་ཀྱང་། བྱ་འུག་པའི་མིག་ལ་མི་མཛེས་ཞེས་པའི་དཔེ་ལྟར་བྱེད་ན་ཅི་ཕན།  ལམ་དབུ་མའི་ཁམས་ཚན། དབུ་མའི་འགྲིམ་འགྲུལ་ཁང་། དབུ་མའི་ལས་འགུལ་ཁང་སོགས་ཡོད་པ་ལ་ཁྲ་ཆུང་མིག་གི་རྒྱུ་མཐོང་ན། གངས་དཀར་སེམས་ལ་འདྲེ་ཞུགས་ན་གང་ཡོང་། རྟ་ཕོ་དྲིས་ལ་བཏགས་ན། གོང་ཐང་མི་ཡི་གཅོད་ཡོང་དུས་བྱ་ཐབས་བྲལ།   དུས་ད་ལྟ་བར་ལམ་དབུ་མའི་སྲིད་བྱུས་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་མ་སེལ་བ་ནི། ལམ་དབུ་མའི་སྲིད་བྱུས་སྡུག་པ་མིན། ཆབ་སྲིད་ཚོགས་པ་རྣམས་ཀྱིས་ཆིག་སྒྲིལ་གྱི་ཐོག་ནས་ཕྱག་རུབ་མཉམ་འདེབས་ཀྱི་འབད་བརྩོན་མ་བྱེད་པ་དང། བཙན་བྱོལ་བོད་མི་རྣམས་ནུབ་ཕྱོགས་ལ་དགའ་དྲགས་པར་བརྟེན་བྱུང་བ་ཁོ་ནའོ།།  སངས་རྒྱས་ལ་འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང་། སེམས་ཅན་ལ་འཁོན་པའི་ཨ་ལོང་མེད་ཙང་ལན་པ་རེད།། 

རྡ་ས། རྣམ་རྒྱལ་ཚེ་རིང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།