ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་རིན་ཐང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༥༢
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་“ཁྲིམས་མིས་བཟོས་པ་རེད། ལག་བསྟར་བྱེད་མ་ཐུབ་ན་མིས་འགྱུར་བ་གཏོང་ཆོག་གི་རེད་”ཅེས་ཤོད་རྒྱུན་འདི་སྔོན་མ་ནས་ཡོད་ལ། དོན་དངོས་སུའང་བཅའ་ཁྲིམས་དང་། སྒྲིག་གཞི། ཁྲིམས་ཡིག་ཁག་བཅས་ལ་དེང་དུས་ཀྱི་དཔེ་གསར་གྱོན་ཆས་བཞིན་བསྒྱུར་བཅོས་ཡང་ཡང་གཏོང་བཞིན་ཡོད་པ་རེད།
༧གོང་ས་༧མཆོག་གི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གནང་ཟིན་པས། དེ་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་མི་བྱེད་ཀ་མེད་ཡིན་པ་དང་། སྐབས་དེ་དང་བསྟུན་ནས་ཁྲིམས་སྒྲིག་ཁག་ལ་འགྱུར་བ་གཞན་ཡང་གཏོང་བཞིན་ཡོད་པ་མ་ཟད། སྤྱི་འཐུས་སྒེར་རེ་རེ་བཞིན་རང་ཉིད་ཀྱི་འདོད་པ་དང་གནས་ཚུལ་རེ་ཟུང་ལ་བརྟེན་ནས་ཁྲིམས་སྒྲིག་ལ་བཟོ་བཅོས་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་འདིར་ཁྲིམས་སྒྲིག་བསྐྱར་བཅོས་མང་ཤོས་ཀྱི་ཚོགས་དུས་ཤིག་ཡིན་པ་དང་། ཁྲིམས་སྒྲིག་ཁག་༢༤ ཙམ་ལ་བསྐྱར་བཅོས་གཏོང་བཞིན་ཡོད་པ་མ་ཟད། བཅའ་ཁྲིམས་ལའང་བསྐྱར་བཅོས་ཁག་ཅིག་ཀྱང་ཁུར་ཡོད་པ་རེད། ཁྲིམས་འཆར་མང་བས་ལས་བྲེལ་ཆེ་བར་བརྟེན་དགོང་མོ་དུས་ཚོད་འཕྱི་པོའི་བར་སྡོད་དགོས་པ་ཡོང་གི་ཡོད། དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་དེ་དག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་བ་མ་ཟད། ངོ་གདོང་ཚིག་དོན་གྱི་གོ་བ་ཡང་ལེན་མི་ཐུབ་མཁན་ཡོད་པ་རེད། དེར་བརྟེན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཚགས་ཚུད་ཚད་ལྡན་ཞིག་ཡོང་གི་ཡོད་མེད་ཀྱང་ཅུང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་དང་། ད་དུང་བསྐྱར་བཅོས་མང་པོ་ཡོང་ངེས་པ་རེད།
སྤྱི་འཐུས་རེ་ཟུང་གིས་ཁྲིམས་སྒྲིག་ཁག་ལ་བཟོ་བཅོས་ཁྲིམས་འཆར་རང་ཉིད་ཀྱིས་ཁུར་ཡོད་ཀྱང་། ངག་ཐོག་གི་འགྲེལ་བརྗོད་དང་ཡིག་ཐོག་ཏུ་འཁོད་པའི་ནང་དོན་གཉིས་མི་འདྲ་བ་ཡོང་གི་ཡོད། འོན་ཀྱང་མང་གཙོའི་ལམ་སྲོལ་བཞིན་ཁྲིམས་སྒྲིག་ཁག་ལག་པ་མང་ཉུང་ཁོ་ནའི་ཐོག་ནས་ཐག་གཅོད་བྱེད་བཞིན་ཡོད་པས། དོན་གནད་ཁག་ཅིག་མོན་ཡུལ་རྡོར་གཅོད་ཀྱི་དཔེ་བཞིན་དུ་འགྱུར་མི་སྲིད་པའང་མ་རེད། དེར་བརྟེན་ཁྲིམས་སྒྲིག་ཁག་ཚང་མ་བོད་ཡིག་གི་ཐོག་ཏུ་ཡོད་པ་དང་། སྤྱི་འཐུས་གང་འཚམས་ཤིག་གིས་ངག་ཐོག་ནས་ཀློག་རྒྱུར་ཡང་དཀའ་ངལ་ཡོད་པས་ད་ལན་ལྟ་བུ་ཁྲིམས་བཟོའི་ལས་དོན་ཧ་ཅང་མང་བའི་ཚོགས་དུས་འདི་ལྟ་བུ་ལ་མཚོན་ན། རང་བཞིན་གྱིས་དཀའ་ངལ་ཞིག་ཏུ་མཐོང་སོང།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་ལས་རིམ་གང་མགྱོགས་འགྲུབ་ཐབས་གནང་བ་ལས། བགྲོ་གླེང་གནང་མི་དགོས་པ་གཙོ་འདོན་གནང་གི་ཡོད་པ་དང་། དགོང་མོ་འཕྱི་པོ་འཚོགས་པའི་སྐབས་སུ་སྤྱི་འཐུས་ཁག་ཅིག་གིས་ཁྲིམས་ཡིག་བསྐྱར་བཅོས་བྱེད་བཞིན་པ་ཁག་ལ་མིག་འདེད་ཙམ་ཡང་གནང་གི་མི་འདུག་ལ། ད་དུང་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་གང་ཟག་བྱེ་བྲག་པར་དམིགས་མེད་དམ་བསམ་པའང་ཡོང་གི་ཡོད་པ་རེད། དེར་བརྟེན་ཚོགས་གཙོ་མཆོག་ལ་མཚོན་ན་གྲོས་ཚོགས་ནང་ནས་འགན་ཆེ་ཤོས་དང། སྐུ་ངལ་མང་ཤོས་ཡིན་པ་མ་ཟད། སྔ་དགོང་གི་དུས་ཚོད་མང་པོར་ཕྱག་ལས་གནང་དགོས་པས་རང་བཞིན་གྱིས་ཁྲིམས་སྒྲིག་མང་པོ་ཞིག་གྲོས་ཚོགས་སུ་འགྲེམས་འཐུས་ཆོག་མིན་ལ་གཟིགས་ཞིབ་ཡག་པོ་ཡོང་ཐུབ་མིན་ཡང་ཐེ་ཚོམ་དུ་གྱུར་ཡོད།
གྲོས་ཚོགས་ཀྱི་ལས་རིམ་ནང་ནས་གལ་ཆེ་ཤོས་དེ་ཁྲིམས་ཡིག་གཏན་འབེབས་དང་ཁྲིམས་ཡིག་བསྐྱར་བཅོས་སྐབས་གཟབ་ནན་དགོས་པ་དེ་ཡིན་པ་དང་། ཁྲིམས་སྒྲིག་ཁག་ཞིབ་ཚགས་པོ་མ་བྱུང་ན་རྗེས་མ་བསྐྱར་ནས་ཡང་དུ་བཟོ་བཅོས་བྱེད་དགོས་པས་ཁྲིམས་སྒྲིག་ཁག་གི་མཚན་མཐོང་གཟི་བརྗིད་ལ་གནོད་པ་མ་ཟད། བསྐྱར་བཅོས་ཡང་བཅོས་མང་པོ་བྱས་དུས་ཁྲིམས་སྒྲིག་དེ་དག་དགོས་མཁོ་ཆུང་ཙག་ལ་བརྟེན་ནས་འགྱུར་བ་གཏོང་ཆོག་ཆོག་ཅིག་ཏུ་གྱུར་སོང་ན་ཁྲིམས་ཀྱི་དབང་བསྒྱུར་དེ་ཡང་སླ་རུ་ཕྱིན་པ་རེད། སླད་ཕྱིན་ཁྲིམས་སྒྲིག་བསྐྱར་བཅོས་དེ་ལས་སླ་པོ་ཞིག་གི་ཐོག་ནས་འགྲོ་མི་ཆོག་པ་དང་། བསྐྱར་བཅོས་གཏོང་བའི་སྐབས་ཀྱང་ཚད་ལྡན་དགོས་པ་དེ་གལ་ཆེན་པོ་རེད།
ད་ལན་སྒྲིག་གཞི་བསྐྱར་བཅོས་ཁག་གི་ཆེད་དུ་སྤྱི་འཐུས་ལྔ་ལས་གྲུབ་པའི་ཆེད་བཙུགས་ཚོགས་ཆུང་གིས་ཞིབ་འཇུག་ཡག་པོ་གནང་ཡོད་ཀྱང་། གྲོས་ཚོགས་ནང་སླེབས་པའི་སྐབས་སུ་སྤྱི་འཐུས་ཁག་ཅིག་གིས་གོ་སྐབས་བཟུང་བ་དང་། ཁག་ཅིག་མཁས་རྟགས་སྟོན་ཆེད་བཟོ་བཅོས་ཁྲིམས་འཆར་མང་པོ་སླེབས་ཡོང་དུས། ཡག་ཏུ་བཏང་སོང་སྙམ་པ་མཐོང་དཀའ་ཡང་ཁྲིམས་སྒྲིག་ཁག་སླ་རུ་སླ་རུ་བཏང་སོང་བསམ་པ་ཞིག་ཏུ་གྱུར་སོང་། དེར་བརྟེན་སླད་ཕྱིན་ཁྲིམས་སྒྲིག་ལ་བསྐྱར་བཅོས་བྱེད་པའི་སྐབས་ཞིབ་ཚགས་དང་འཐུས་ཚང། ཚད་ལྡན་ཞིག་བཟོས་ནས་དུས་ཐུང་ནང་བཟོ་བཅོས་མི་དགོས་པ་ཞིག་གཙོ་འདོན་བྱེད་དགོས་པ་ལས། ཁྲིམས་མིས་བཟོས་པ་དང་བསྒྱུར་བཅོས་མིས་གཏོང་ཆོག་ཆོག་ཡིན་པའི་ལྟ་ཚུལ་དེ་འཛིན་མི་འོས་པ་ཞིག་ཏུ་མཐོང་སོང་།
མདོར་ན་རང་བཙན་ཡོད་མེད་ཇི་ལྟར་ཡང་གྲོས་ཚོགས་ཤིག་ལ་མཚོན་ན་ལས་དོན་གལ་ཆེ་ཤོས་ནི་ཁྲིམས་བཟོ་ཡིན་པ་དང་། ཁྲིམས་བཟོས་པ་དེ་དག་གཟི་བརྗིད་ཡོད་པ་དང་དྲང་སྙོམས་ལྡན་པ་ཞིག་ཡིན་དགོས། གནས་ཚུལ་བྱེ་བྲག་པ་རེ་བྱུང་བའི་རྗེས་སུ་གནད་དོན་དེ་འགོག་ཐབས་མ་བྱས་པར་གནད་དོན་དེ་དང་མཐུན་པར་ཁྲིམས་སྒྲིག་ལ་བསྐྱར་བཅོས་ཡང་བཅོས་བྱེད་པ་དང་། དུས་ཐུང་ནང་ཁྲིམས་སྒྲིག་མང་པོ་ཞིག་ལ་བསྒྱུུར་བཅོས་བཏང་ཡོང་དུས་ཚད་འཛིན་བྱེད་རྒྱུར་ཡང་རང་བཞིན་གྱིས་དཀའ་ངལ་ཞིག་ཏུ་གྱུར་ཡོད།།