འབོད་སྒྲ་གཅིག་གི་ལས་འགུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༥༤

བོད་ནང་ནས་རང་སྲོག་བློས་གཏོང་གི་ལས་འགུལ་ཤུགས་ཆེ་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ལོ་འདིར་མདོ་སྨད་རྔ་པ་རྫོང་དུ་མི་ལྔ་དང་། ཁམས་རྟའུ་རྫོང་དུ་མི་གཅིག་བཅས་མི་དྲུག་གིས་སྔ་རྗེས་སུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་སྲོག་བློས་གཏོང་ཐོག་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་ཡོད་པ་རེད།

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་དེ་འབྲེལ་ལས་འགུལ་མང་དག་ཅིག་སྤེལ་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ནང་དུ་མནར་གཅོད་མཚམས་འཇོག་དང་བོད་མིའི་སྲོག་སྐྱོབ་དགོས་པའི་གཅིག་གྱུར་གྱི་འབོད་ཚིག་འོག་ལས་འགུལ་གང་མང་ཞིག་མུ་མཐུད་བང་སྒྲིག་དགོས་པ་གལ་ཆེན་པོར་གྱུར་ཡོད། ཛ་དྲག་གི་སྐབས་འདིར་གཞུང་དང་སྒེར། ཚོགས་སྡེ་ཁག་གི་ཆབ་སྲིད་ལྟ་གྲུབ་མཐུན་མིན་སོགས་ཀྱི་སྐད་ཆ་དེ་ཟུར་དུ་བཞག་ནས་འབོད་སྒྲ་གཅིག་གི་འོག་ཆིག་སྒྲིལ་གྱིས་ལས་འགུལ་སྤེལ་དགོས།

བོད་ནང་ནས་རང་སྲོག་བློས་གཏོང་གི་ལས་འགུལ་གང་སྤེལ་བ་དེ་དོན་མེད་ཆུད་ཟོས་སུ་མ་སོང་བ་ཞིག་དང་། རྒྱལ་སྤྱིའི་ཐོག་ནས་ནུས་པ་ཐོན་ཐུབ་པ། རྒྱ་གཞུང་གིས་བསམ་བློ་མི་གཏོང་ཀ་མེད་ཅིག་བཟོ་བའི་ནུས་ཤུགས་གཙོ་བོ་བཙན་བྱོལ་དུ་ཡོད་པའི་གཞུང་མང་གཉིས་ངོས་ནས་བྱེད་དགོས་པ་དེ་ལས་འགན་དུ་གྱུར་ཡོད། རྒྱལ་གཅེས་དཔའ་བོ་དེ་དག་གིས་ཚེ་སྲོག་བློས་བཏང་བའི་བརྒྱུད་རིམ་དང་རྒྱབ་ལྗོངས་ཞིབ་འགྲེལ་མི་དགོས་མོད། གོ་སྐབས་དེ་དང་བསྟུན་ནས་བོད་དོན་འཐབ་རྩོད་ལ་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་མ་བྱུང་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་སྐུ་སྲོག་བློས་བཏང་བར་རིན་འབབ་གང་ཡང་མ་རག་པ་རེད། དེར་བརྟེན་བཙན་བྱོལ་ནང་ནས་ལས་འགུལ་གང་མང་ཞིག་དམིགས་ཡུལ་དང་། འཆར་གཞི། སྒྲིག་ལམ། ནུས་པ་བཅས་ཡོད་པ་ཞིག་སྤེལ་དགོས་པར་གྱུར་ཡོད།
བོད་གཞུང་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་རྣམས་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་གི་གཞུང་ལ་བོད་ཀྱི་གནས་སྟངས་སྤྱི་དང་། བྱེ་བྲག་ཉེ་ལམ་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དེ་དག་གི་གནས་ཚུལ་དང་སྦྱར་ནས་བོད་དོན་ངོ་སྤྲོད་དང་བདེན་རྒྱབ་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཡིག་ངག་གཉིས་ཐོག་ནས་ཞུ་དགོས་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བརྒྱུད་ནས་དང་། གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་འཐུས་མི་སྒེར་སོ་སོ་ལ་འབོད་སྐུལ་ཞུས་ནས་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་ནང་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་གནང་ཐུབ་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པར་མཐོང་།
གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་འགོ་ཁྲིད་ནས་ས་གནས་སོ་སོར་ཞི་བའི་ངོ་རྒོལ་དང་། ཡིག་ཆ་འགྲེམས་སྤེལ་སོགས་བྱེད་དགོས་ལ། འཛམ་གླིང་གི་ཁྲོད་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་གང་དུ་ཡོད་པ་དེ་དག་ཐམས་ཅད་ཀྱིས་ས་གནས་སོ་སོར་གཅིག་གྱུར་གྱི་ལས་འགུལ་རྒྱལ་སྤྱིའི་རང་བཞིན་གྱིས་སྤེལ་ཐུབ་དགོས། དེ་ལྟར་རྒྱུན་ཆད་མེད་པར་ཕྱི་ཟླ་༡༡ པའི་ཚེས་༣ དང་༤ གཉིས་ལ་རྒྱལ་སྤྱིའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠(G-20)ཚོགས་ཆེན་དེ་འཚོག་རྒྱུ་ཡིན་པས་དེའི་བར་བོད་དོན་ལས་འགུལ་བར་མ་ཆད་དུ་སྤེལ་དགོས་པ་དང་། ཚོགས་ཞུགས་པ་དེ་དག་ལ་སྔོན་ཚུན་ནས་བོད་དོན་རྒྱབ་སྐྱོར་དང་གླེང་སློང་ཡོང་བའི་འབོད་སྐུལ་བརྒྱུད་ལམ་འདྲ་མིན་ནས་ཞུ་དགོས། སྐབས་དེར་ཚོགས་ཆེན་ཚོགས་ཡུལ་གྱིས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་གལ་ཆེ་སྙམ།
ལས་འགུལ་ག་རེ་སྤེལ་བ་དང་ལས་འགུལ་སུས་སྤེལ་མིན་ལ་མ་ལྟོས་པར་འབོད་སྒྲ་དེ་རྔ་པ་ཀིརྟི་དགོན་པས་གཙོས་བོད་ནང་ནས་རྒྱ་གཞུང་གི་དམག་དཔུང་དང་ཉེན་རྟོག་རུ་ཁག་ཕྱིར་འཐེན་གྱིས་མནར་གཅོད་མཚམས་འཇོག་དགོས་པའི་དགོས་འདུན་འདོན་དགོས། ད་ལན་རང་བཙན་དང་། ལམ་དབུ་མ། རང་ཐག་རང་གཅོད་སོགས་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་མིན་གྱི་སྐད་ཆ་དེ་གཙོ་འདོན་མ་བྱས་པར། ཚོགས་པ་དང་མི་སྒེར་ཚང་མས་བོད་ནང་དུ་རྒྱལ་གཅེས་དཔའ་བོ་རང་སྲོག་བློས་གཏོང་གནང་མཁན་དག་གི་དགོས་འདུན་དེ་དག་འགྲུབ་ཐབས་སུ་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། ད་ལན་གྱི་ལས་འགུལ་དེ་དག་ལ་གཞུང་སྒེར་གྱི་དབྱེ་འབྱེད་མེད་པ་དང་། ཚོགས་པ་ཆེ་ཆུང་གི་སྐད་ཆ་མེད་པ། ལས་འགུལ་དེ་ཚོགས་སྡེ་གང་གི་ལས་བསྡོམས་ནང་འཁོད་ཐུབ་མིན་སོགས་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་ཅིག་གཏན་ནས་མིན་པར་ལས་འགུལ་གྱི་གྲུབ་འབྲས་ལ་རེ་བ་གཙོ་བོ་རྒྱག་དགོས།
མདོར་ན་བོད་ནང་ནས་རྒྱལ་གཅེས་དཔའ་བོ་གང་མང་ཞིག་གིས་ལུས་སྲོག་ལོངས་སྤྱོད་ཕངས་མེད་དུ་བཏང་ཟིན་པ་དེ་དག་གི་ཐུགས་རེ་གང་ཡོད་པ་དེ་འགྲུབ་ཆེད་ཕྱར་གྲུ་མཉམ་འདེགས་བྱེད་དགོས། ལས་འགུལ་གྱི་རྣམ་གྲངས་ག་ཚོད་མང་ནའང་དམིགས་ཡུལ་དང་དགོས་འདུན་རྡོག་གཅིག་ཏུ་བསྒྲིལ་མ་ཐུབ་ན་འཐབ་རྩོད་ཐོག་ནུས་པ་ཐོན་མི་ཐུབ་པས། ཛ་དྲག་དང་གལ་གནད་ཆེ་བའི་དུས་ཚོད་འདི་ལྟ་བུར་ཆིག་སྒྲིལ་གྱི་ཐོག་ནས་ནུས་པ་འདོན་དགོས་པ་དེ་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་འགན་འཁྲི་ཁོ་ནར་གྱུར་ཡོད། གཡས་ཁག་གཡོན་དཀྲི་དང། ང་མིན་ཁོ་མིན། ཁོ་རྒྱལ་ཚོང་པ་དང་ང་རྒྱལ་གཅེས་པ་ཡིན་པའི་སྐད་ཆ་མེད་པར་བོད་རིགས་ཡིན་ནོ་ཅོག་ཚང་མས་དུས་ཚོད་དང་གོ་སྐབས་དམ་འཛིན་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་པ་མ་ཟད། ༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བོད་དོན་ལ་བཟང་ཐག་ངན་ཐག་ཅིག་ཆོད་ཐུབ་ན་འཕྲལ་ཕུགས་གཉིས་ལ་དགེ་མཚན་ཆེན་པོ་ཡོད་པར་མངོན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།