བཀའ་ཁྲིས་ཉི་ཧོང་དུ་བོད་མི་ཚོར་འཚམས་གཟིགས།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོར་ཉི་ཧོང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཉིན་ལྔའི་རིང་གི་ལས་འཆར་དབུ་འཛུགས་གནང་སྟེ། བོད་དོན་རྒྱབ་སྐྱོར་བ་དང་། དེར་གནས་གནས་བོད་མི། འབྲེལ་ཡོད་དཔོན་ཚོ་སོགས་ལ་མཇལ་འཕྲད་གནང་གི་ཡོད་པ་རེད།

དེ་ཡང་བོད་གཞུང་དྲ་གནས་ཐོག་གནས་ཚུལ་ལྟར་ན།  ཟླ་འདིའི་ཚེས་ ༡ ཉིན་གྱི་སྔ་དྲོ་བཀའ་ཁྲི་མཆོག་གིས། ཉི་ཧོང་གི་གསར་ཤོག་སྙན་གྲགས་ཆེ་བ་ཁག་གཉིས་ཀྱི་བཅར་འདྲིར་ལན་འདེབས་གནང་བ་དང་། སྐབས་དེར་གཙོ་བོ་ནི། རྒྱ་ནག་གི་འགོ་ཁྲིད་གསར་པ་རྣམས་ལ་རེ་བ་གང་ཞིག་རྒྱག་གི་ཡོད་པ་དང༌། བཀའ་ཤག་སྐབས་བཅུ་བཞི་པའི་ལས་དོན་གཙོ་ཆེ་ཁག དེ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་འཕོ་འགྱུར་བྱུང་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་བབ། བོད་ནང་ད་བར་རང་ལུས་མེར་བསྲེག་བཏང་བའི་ལས་འགུལ་ཐོག བཀའ་ཤག་གི་གཟིགས་ཚུལ་གང་འདྲ་ཡོད་སྐོར་སོགས་ཡིན་འདུག

ཉིན་རྒྱབ་བཀའ་ཁྲི་མཆོག་གིས་ཉི་ཧོང་དུ་གནས་སྡོད་བོད་མི་ཚོར་ཐུག་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འཕོ་འགྱུར་གྱི་སྐོར། བོད་ཀྱི་ཛ་དྲག་གནས་སྟངས་སྐབས་ཚང་མས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་སྐོར། བོད་ཀྱི་རྩ་དོན་ཐོག་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག ཉི་ཧོང་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་ཆེད་དུ་བཅར་བ་ཡིན་སྐོར་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།

ཐེངས་འདིའི་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཁྲིའི་འགན་འཁུར་བཞེས་རྗེས་ཨེ་ཤི་ཡའི་རྒྱལ་ཁབ་ནང་ཕེབས་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། གཞན་ཡང་ཉིན་དེའི་དགོང་མོར་ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས། བཀའ་ཁྲི་མཆོག་ལ་ཕེབས་བསུའི་གསོལ་སྟོན་ཞིག་བཤམས་ཡོད་པ་དེའི་ཐོག རྒྱལ་ས་ཊོཀ་ཁྱོའི་ཉེ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ཚོགས་པ་སོགས་སྐུ་མགྲོན་མི་སྣ་༢༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག བཀའ་བློན་ཁྲི་པ་མཆོག་གིས་གསོལ་སྟོན་ཐོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང༌། ཉི་ཧོང་གཞུང་མང་ཡོངས་ནས་ད་བར་ལྷག་བསམ་རྣམ་དག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་རྗེས་སྐུ་མགྲོན་མི་སྣ་རེ་རེར་མཇལ་མོལ་དང་སྐུ་པར་བསྒྲོན་ཡོད་འདུག །

ཁྱེད་ཀྱིས་གཟིགས་མེད་སྲིད།