ཨོ་གླིང་སི་ཌི་ནེས་རུ་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།
ཟླ་འདིའི་ཚེས་༣ ཉིན་ཨོ་གླིང་སི་ཌི་ནེས་རུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་ཏེ། བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། དེར་བོད་དོན་རྒྱབ་སྐྱོར་བ་མང་པོས་གཏམ་བཤད་བྱས་ཡོད་པ་རེད།
དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་༡༠ ནས་ཉིན་རྒྱབ་ཆུ་ཚོད་༡ པོ་བར་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག མི་མང་གིས་ཨོ་གླིང་སི་ཌི་ནེས་གྲོང་ཁྱེར་དབུས་སུ་ཡོད་པའི་རྒྱ་ནག་གཞུང་ཚང་ཁང་གི་སྒོར་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད། ད་ཐེངས་ཀྱི་ངོ་རྒོལ་དེ་ནམ་རྒྱུན་ལྟར་མ་ཡིན་པར་གྲ་སྒྲིག་འཐུས་ཚང་ལྡན་པའི་ཐོག་སྐད་འབོད་ཀྱི་བརྗོད་ཚིག་ཚང་མ་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་ལ་བཀོད་ཡོད་པ་མ་ཟད། སྐད་འབོད་དང་ལྷན་དུ་རྔ་རྡུང་བ་སོགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ཚབ་ལ་སུན་གཙེར་ཤུགས་ཆེ་བྱས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་བོད་ཐོག་ལ་འཛིན་པའི་སྲིད་བྱུས་འདི་འགྲོ་བ་མི་ཡི་གནས་བབས་དང་མཐུན་གྱི་མེད་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་ཡིག་ངག་གཉིས་ཐོག་ནས་གསལ་བཤད་བྱས་ཡོད་པ་རེད། དེ་ཡང་ཐོག་མར་ས་གནས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་མི་ཉག་པ་བརྩོན་འགྲུས་ལགས་ཀྱིས་ད་རེས་ཀྱི་ལས་འགུལ་འདི་སྤེལ་དགོས་དོན་དང་། ལས་འགུལ་སྤེལ་སྐབས་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མི་འགལ་བའི་ཐོག་ནས་ལས་འགུལ་དོན་ཕན་ལྡན་པ་ཞིག་སྤེལ་དགོས་པའི་སྐུལ་མ་དང་འབྲེལ་ཉིན་དེའི་ལས་འགུལ་གྱི་འགོ་བཙུགས་སོང་།
ངོ་རྒོལ་སྐད་འབོད་བྱས་པ་དང་། དེ་ནས་རིམ་བཞིན་ཁག་ཅིག་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པ་དང་། ཚོགས་གཙོ་བརྩོན་འགྲུས་ལགས་ཀྱིས་བརྗོད་དོན། ང་ཚོས་དེ་རིང་ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་རྒྱ་ནག་དམར་གཞུང་གིས་ངོ་ལོ་ལྔ་བཅུ་ལྷག་ནས་ད་བར་བོད་མི་རིགས་ལ་དྲག་གནོན་དང་འབྲེལ་བའི་སྲིད་བྱུས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། བོད་མི་མང་པོས་རང་ལུས་མེར་བསྲེག་བཏང་སྟེ་སྲོག་ཤོར་བ་དེ་རྒྱ་གཞུང་གི་སྲིད་བྱུས་དྲག་རྩུབ་ཅན་དེའི་བོད་མི་རིགས་རྩ་མེད་བཟོ་བཞིན་ཡོད་པར་ངོ་རྒོལ་བྱས་པ་རེད། རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། མུ་མཐུད་ང་ཚོས་ངོ་རྒོལ་བྱེད་ངེས་ཡིན་ཞེས་སོགས་གཏམ་བཤད་བྱས་ཡོད་པ་རེད།
དེ་བཞིན་བསྟན་པ་འབྲུག་གྲགས་ལགས་ཀྱིས་གསུང་དོན། བོད་ཐོག་སྲིད་བྱུས་འཛིན་མཁན་གྱི་རྒྱ་གཞུང་གི་དཔོན་རིགས་ཚོ་སྨྱོན་པའི་བཟོ་འདྲ་བོ་ཆགས་བསྡད་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད་རེད། གནས་ལུགས་རྒྱུ་མཚན་གང་ལ་མ་བརྟག་པའི་སྒོ་ནས་འགྲོ་བ་མི་རིགས་ཉམ་ཆུང་ཚོར་ཐུབ་ཚོད་གཏོང་རྐྱང་བྱེད་བཞིན་པ་རེད། དཔེར་ན་དེ་རིང་གི་ང་ཚོས་ལས་འགུལ་འདི་བོད་ནང་ལ་གལ་སྲིད་སྤེལ་ཡོད་ན། ང་ཚོར་མེ་མདའ་དང་། ལག་ལྕགས། བཙོན་ར་མ་གཏོགས་གཞན་འདེམས་ཁ་གཅིག་ལྷག་ཡོད་པ་མ་རེད། ང་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མེད་ཀྱང་རྒྱ་ནག་གཞུང་གིས་ལངས་ཕྱོགས་སྲིད་བྱུས་ལ་དུས་ནམ་ཡང་སེམས་ཤུགས་མ་ཆག་པར་ངོ་རྒོལ་ལས་འགུལ་ཐད་ཀར་སྤེལ་རྒྱུ་ཡིན་ཅེས་སོགས་གཏམ་བཤད་བྱས་ཡོད་པ་རེད།
དེ་བཞིན་Moung ཟེར་བའི་འབར་མ་ནས་ཡིན་པའི་སྐུ་མགྲོན་ཞིག་གིས་གཏམ་བཤད་གནང་སྐབས། མང་གཙོ་དང་རང་དབང་ཟེར་བ་དེ་འགྲོ་བ་མི་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཨང་དང་པོ་དེ་རེད། ད་ལྟའི་བར་དུ་ང་ཚོ་འབར་མ་དང་བོད་པ་གཉིས་ཀྱི་གནས་སྟངས་གང་ཅིའི་ཐོག་ནས་སེམས་ཐག་ཉེ་བའི་སྤུན་ཟླ་རེད། ང་ཚོའི་མི་འདོད་པའི་དགྲ་བོ་དེ་ཡང་གཅིག་མཚུངས་རེད། དེ་བས་བོད་རིགས་སྤུན་ཟླ་ཚོར་དམིགས་བསལ་གྱི་དཀའ་ངལ་ཡོད་པ་དེའི་ཐོག་ང་ཚོ་འབར་མ་མིང་མང་ས་ཡ་མང་པོས་རྒྱབ་སྐྱོར་བྱེད་ངེས་རེད། སྤྱིའི་ཆ་ནས་ད་ལྟ་འབར་མའི་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཐེབས་བཞིན་པ་རེད་ལ། མ་འོངས་པར་ལྕམ་ཨན་སན་སུས་ཇེའི་ལགས་འབར་མའི་དབུ་འཁྲིད་ཆགས་ནས། མི་མང་ལ་བདེ་སྐྱིད་གསར་པ་ཞིག་བསྐྲུན་ངེས་རེད་ལ། དེ་བཞིན་བོད་མི་རིགས་ཀྱི་མངོན་འདོད་དེ་བཞིན་འགྲུབ་ངེས་པ་རེད། ང་ཚོས་ངོས་ནས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གཏམ་བཤད་བྱས་ཡོད་པ་རེད།
དེ་མཚུངས་ Qinchan ཟེར་བའི་རྒྱ་ནག་མང་གཙོ་དོན་གཉེར་བའི་མི་སྣ་ཞིག་གིས་བཤད་དོན། གུས་པས་བོད་མིའི་མངོན་འདོད་ཐོག་ལ་རྒྱབ་སྐྱོར་བྱས་ཏེ་ལོ་མང་ཕྱིན་པ་རེད་ལ། ད་དུང་མུ་མཐུད་ནས་རྒྱ་ནག་མི་མང་དང་བོད་མི་མང་ལ་མིང་དོན་མཚུངས་པའི་རང་དབང་བདེ་སྐྱིད་ཅིག་མ་ཤར་བར་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱ་ནག་སྲིད་གཞུང་གིས་བོད་མི་གཙོས་མི་རིགས་མང་པོ་ལ་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱེད་རྒྱུ་ཡིན། རྒྱ་ནག་སྲིད་གཞུང་གིས་སྙིང་རྗེ་བྲལ་བའི་ཐུབ་ཚོད་གཉའ་གནོན་འདི་བོད་རིགས་སྤུན་ཟླ་ཚོས་བཟོད་ཐབ་བྲལ་ཏེ་ད་སྐབས་གཅེས་པའི་ཚེ་སྲོག་བློས་གཏོང་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ད་ལྟ་འཛམ་གླིང་ཐོག་ཤུགས་རྐྱེན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་ཆགས་བཞིན་ཡོད་ནའང། དོན་དངོས་ཐོག་ནས་མི་རིགས་ཉམ་ཆུང་ཚོའི་རང་དབང་ཐོབ་ཐང་འཕྲོག་ནས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། ནམ་ཞིག་བོད་རིགས་སྤུན་ཟླ་ཐུན་མོང་གིས་རེ་འདོད་འགྲུབ་ངེས་རེད་ཅེས་བཤད་ཡོད་པ་རེད།
དེ་བཞིན་Kerryཟེར་བའི་ཨོ་སུ་ཁྲུ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན། ཨོ་སུ་ཁྲུ་ལི་ཡའི་མི་མང་ཚང་མས་བོད་མི་རིགས་ཀྱི་བདེ་སྡུག་འདི་སྣང་མེད་དུ་མི་གཏོང་བའི་རེ་བ་བྱེད་བཞིན་ཡོད། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཡང་དག་པའི་ལམ་སྟོན་དང་དབུ་ཁྲིད་གནང་བཞིན་པ་འདི་དག་ལ་འཛམ་གླིང་ཧྲིལ་བོའི་སྒང་ནས་ངོས་ལེན་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ད་ལྟ་རྒྱལ་སྤྱིའི་ཐོག་ནས་བོད་དོན་འདི་གལ་ཆེན་རང་བཞིན་ཅན་ཞིག་ལ་བརྩི་བཞིན་ཡོད་པ་རེད།ང་ཚོས་ངོས་ནས་རྒྱ་ནག་སྲིད་གཞུང་གི་དྲག་རྩུབ་དང་རུལ་སུངས་ཅན་གྱི་ལངས་ཕྱོགས་ལ་ངོ་རྒོལ་བྱེད་རྒྱུན་ཡིན་ཞེས་སོགས་བརྗོད་ཡོད་པ་རེད།
བོད་རིགས་ཚོགས་པའི་ཚོགས་གཙོ་མི་རྒན་ལགས་ཀྱིས་གསུང་དོན། ང་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། མ་འོངས་པ་ཡིན་ནའང་དེ་མཚུངས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་རང་དབང་ཐོབ་ཐང་གཏོར་བཅོམ་བྱས་དང་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་ཡོད། ང་ཚོ་བོད་རིགས་སྤུན་ཟླ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་སོ་སོའི་རང་དབང་ཐོབ་ཐང་རྩོད་ལེན་བྱེད་དགོས་ཀྱི་ཡོད་པས། ང་ཚོ་དུས་ནམ་ཡང་སེམས་ཤུགས་ཆག་མི་སྲིད་པ་ཞིག་རེད་ལ། མུ་མཐུད་དུ་ལས་འགུལ་སྤེལ་དགོས་པ་རེད་ཅེས་གཏམ་བཤད་བྱས།
དེ་བཞིན་ས་གནས་གཞོན་ནུའི་དྲུང་ཆེ་ངག་དབང་ལགས་ཀྱིས་བོད་མི་ཚང་མས་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་བྱེད་དགོས་སྐོར་དང་དེ་བཞིན་ཚོགས་པ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་ལས་འགུལ་ཞིག་སྤེལ་བ་ཙམ་གྱིས་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་རེད། དང་པོ་ཚོགས་པ་དེར་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་རེད། གཉིས་པ་དངོས་སུ་མཉམ་ཞུགས་མ་ཐུབ་ནའང་ལྷག་བསམ་རྣམ་དག་གིས་བསམ་བློའི་རྒྱབ་སྐྱོར་དགོས་རེད། གསུམ་པ། ཚོགས་པ་དེར་འགྲོ་གྲོན་གྱི་རོགས་འདེགས་བྱེད་རྒྱུ་གལ་ཆེན་རེད་ཅེས་སོགས་གསུངས་པ་དང་། མཐར་ས་གཞོན་ཚོགས་གཙོ་བརྩོན་འགྲུས་ལགས་ཀྱིས་ལས་འགུལ་ལ་མཉམ་ཞུགས་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ལས་འགུལ་མཇུག་གྲོལ་ཡོད་པ་རེད། །
གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཁྲུ་ལི་ཡའི་གྲོང་ཆེར་སི་ཌི་ནེས་ནས། ཕྱི་ལོ ༢༠༡༢ ཟླ་ ༤ ཚེས་ ༤ ལ།