ཉི་ཧོང་གི་བོད་དོན་གྲོས་ཆོད་དོན་ཚན་༥ བཞག་འདུག
ཉེ་ཆར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཉི་ཧོང་དུ་ཕེབས་ཏེ། ཉི་ཧོང་གི་ཆབ་སྲིད་ཚོགས་པ་ལྔའི་གྲོས་ཚོགས་འཐུས་མི་༦༠ ཙམ་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་བོད་དོན་སྐོར་གྱི་གཏམ་བཤད་བྱས་པ་དང་། ཕྱི་ཚེས་༤ ཉིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་༥ བཞག་ཡོད་འདུག
གྲོས་ཆོད་དོན་ཚན་ཁག་ནི། དང་པོ། ང་ཚོས་བོད་ནང་ཕྱི་ལོ་ ༢༠༡༡ ཟླ་ ༣ པ་ནས་བཟུང་རང་ལུས་མེར་བསྲེག་གཏོང་མཁན་མུ་མཐུད་ཡོང་བཞིན་པའི་དོན་རྐྱེན་དེར་སེམས་འཚབ་ཆེན་པོ་ཡོད། བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ནི། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པ་དེས་ཡིན། དེར་བརྟེན་སྲིད་བྱུས་དེར་བསྐྱར་ཞིབ་ནན་པོ་ཞིག་བྱེད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན། བོད་མིའི་གཞི་རྩའི་རང་དབང་དང༌། དགོན་སྡེ་ཁག་གི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་པ། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སོགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུ།
གཉིས་པ། རྒྱ་ནག་གཞུང་གིས་ད་བར་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་གྱི་དགེ་འདུན་པ་དང༌། སྐྱ་བོ་འཛིན་བཟུང་བྱས་པ་རྣམས་ཀྱི་གནས་སྟངས་ཅི་ཡིན་གསལ་པོ་བཟོ་དགོས་པ།
གསུམ་པ། རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་རྗེས་གསར་འགོད་པ་དང༌། ཕྱི་རྒྱལ་མི་སྣ་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱེད་བཞིན་པ་དེར་ངོ་རྒོལ་གྱིས་བོད་ནང་གསར་འགོད་རང་དབང་དང༌། འགྲོ་བསྐྱོད་རང་དབང༌སྤྲོད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།
བཞི་པ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་ལམ་སྐྱར་གསོ་གནང་སྟེ། དོན་ཕན་ལྡན་པའི་འབྲེལ་མོལ་གང་མགྱོགས་འགོ་འཛུགས་བྱ་རྒྱུའི་ལས་གཞིའི་ཐོག་འབད་བརྩོན་གནང་རོགས་ཞེས་སྐུལ་མ་ཞུ་རྒྱུ།
ལྔ་པ། རྒྱ་ནག་གཞུང་ནས་བོད་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་རྟོག་ཞིབ་མི་སྣ་གཟིགས་སྐོར་ཡོང་ཆེད་འབོད་སྐུལ་ཞུས་པ་དེར་དང་ལེན་གནང་སྟེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་བྱེད་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་ཞེས་སོགས་འཁོད་ཡོད།
དེ་ཡང་གནད་དོན་དེའི་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས། ཉི་ཧོང་ནང་ད་བར་གྲོས་ཚོགས་འཐུས་མི་ཕོན་ཆེན་པོ་དེ་འདྲ་ལྷན་འཛོམས་གནང་སྟེ། བོད་དོན་ཐོག་གྲོས་ཆོད་འཇོག་ཐུབ་པ་འདི་ནི་ཉི་ཧོང་གི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད། དེར་བརྟེན་ད་ཐེངས་ལས་འགུལ་དེས་འབྱུང་འགྱུར་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུའི་ས་བོན་ཞིག་རེད་ཅེས་བརྒྱུད་ལམ་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།།