བོད་མིའི་ཁྲོད་ཊི་སྦི་ནད་གཞིའི་བརྒྱ་ཆ་མཐོན་པོ་རེད།
རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་ཊི་སྦི་གློ་ནད་ཕོག་མཁན་གྱི་བརྒྱ་ཆ་དེ་འཛམ་གླིང་ནང་མཐོ་ཤོས་ཀྱི་གྲས་སུ་སླེབས་འདུག་ཅེས་ཟླ་འདིའི་ཚེས་༦ ཉིན་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག
ཛ་དྲག་གི་ཉེན་ཁ་དེ་ལ་བརྟེན་ནས་ཟླ་འདིའི་ཚེས་༤ ཉིན་རྒྱ་གར་རྒྱལ་ཡོངས་ཊི་སྦི་ཞིབ་འཇུག་དང་སྟངས་འཛིན་གྱི་ལས་འཆར་ (India’s Revised National TB Control Programme (RNTCP) ཀྱི་སྨན་པ་ཨ་ཤོག་ཀུ་མར་དང་༧གོང་ས་མཆོག་མཇལ་འཕྲད་གནང་བ་དང་། བོད་མི་རྣམས་ཇི་ལྟར་རྒྱ་གར་རྒྱལ་ཡོངས་ཊི་སྦི་ནད་གཞི་ཞིབ་འཇུག་དང་སྟངས་འཛིན་གྱི་ལས་འཆར་དུ་མཉམ་ཞུགས་བྱེད་ཕྱོགས་ཐད་དང། དེ་བཞིན་ནད་པ་རྣམས་ཀྱིས་སྨན་ཇི་ལྟར་ཟ་དགོས་ཚུལ། ཕྱོགས་མཚུངས་༧གོང་ས་མཆོག་ནས་ལམ་སྟོན་ཡོང་ཕྱིར་ཁོང་དང་མཇལ་འཕྲད་གནང་བ་རེད་ཅེས་དབུས་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་གིས་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
ཁོང་ཚོས་མུ་མཐུད་བརྗོད་དོན། རྒྱ་གར་གྱི་མི་འབུམ་གཅིག་གི་ཁྲོད་ཊི་སྦི་ནད་གཞི་ཡོད་མཁན་གྱི་གྲངས་འབོར་དེ་༡༦༨ ཡིིན་པ་དང། བོད་མི་སྐྱབས་བཅོོལ་བ་འབུམ་གཅིག་གི་ཁྲོད་ཊི་སྦི་ནད་གཞི་ཡོད་མཁན་གྱི་གྲངས་འབོར་དེ་༥༠༠ ཆགས་ཀྱི་ཡོད་པ་རེད། རྒྱ་གར་དུ་ཡོད་པའི་བོད་མིའི་ནང་གློ་ནད་ཊི་སྦིའི་ན་ཚ་དེ་རྒྱ་གར་རྒྱལ་ཡོངས་ནང་ཆ་སྙོམས་ཀྱི་བརྒྱ་ཆ་བོད་མི་ལྡབ་གསུམ་འགྱུར་གྱིས་མང་བ་འདུག་ཅེས་དང་། ༧གོང་ས་མཆོག་ནས་ནད་གཞི་དེ་སྔོན་འགོག་དང་ཁྱབ་བརྡལ་མི་ཡོང་བའི་ཆེད་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ལ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བྱུང་ཞེས་བརྗོད་འདུག
༡༩༦༠ ལོ་ཙམ་ནས་སྐྱབས་བཅོོལ་དུ་ཡོང་མཁན་དགེ་འདུན་པ་རྣམས་ལ་ཟས་བཅུད་ཡག་པོ་མ་རག་པའི་རྐྱེན་གྱིས་ཁོང་ཚོར་རང་བཞིན་གྱིས་ནད་གཞི་དེ་འགོོ་སླ་བར་ཆགས་ཡོད་པ་དང། ཊི་སྦི་ནད་གཞི་ཕོག་མཁན་རྣམས་ས་གནས་གཞན་དུ་བསྐྱོད་སྐབས་ནད་གཞི་དེ་གཞན་ལ་ཁྱབ་པ་རེད། མ་ཟད་དགོན་སྡེ་ཁག་ཏུ་གྲྭ་ཕྲུག་རྣམས་སྡོད་ཁང་ནང་མཉམ་དུ་སྡོད་ཀྱི་ཡོད་པས། གཅིག་ལ་ནད་གཞི་དེ་ཡོད་ཚེ། གཞན་ལ་ལས་སླ་བོ་འགོ་ཡི་ཡོད་པའི་གནས་སྟངས་ཆགས་པ་རེད་ཅེས་བདེ་ལེགས་སྨན་ཁང་གི་ཊི་སྦི་ལས་འཆར་གྱི་འགན་འཛིན་སྨན་པ་དཀོན་མཆོག་རྡོ་རྗེས་བརྗོད་འདུག
གལ་ཏེ་བོད་མི་ཚོས་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་ཤར་བསྐྱོད་བྱས་ཚེ། རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་བོད་མི་གློ་ནད་ཊི་སྦི་ཐེངས་གསུམ་པ་ན་ཡི་ཡོད་མེད་ཀྱི་བརྟགས་དཔྱད་དང། ཡོད་ན་སྨན་སྦྱིན་གྱི་རོགས་རམ་སོགས་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
སྤྱིར་བཙན་བྱོལ་བོད་མིའི་ཁྲོད་ཊི་སྦི་ནད་གཞི་ཡོད་མཁན་གྱི་བརྒྱ་ཆ་༥༠ སློབ་ཕྲུག་དང་གྲྭ་བཙུན་རྣམས་ཡིན་པ་དང། ཊི་སྦི་ནད་གཞི་ཕོག་མཁན་གྱི་བརྒྱ་ཆ་༧༥ ལོ་ན་༣༠ ལས་ཆུང་བ་ཆགས་ཀྱི་ཡོད་པ་རེད།
་