སྨན་སྦྱོར་སྡེ་ཚན་ཁག་ནས་སྨན་པའི་ལྷན་ཚོགས་ནང་དེབ་སྐྱེལ་དགོས།
ཁ་སང་ཕྱི་ཚེས་༦ ཉིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། གསོ་རིགས་སློབ་གཉེར་ཁང་དང་སྨན་སྦྱོར་མཁན་ཚོ་ཡིན་ན་༢༠༡༢ ལོའི་ཟླ་བ་༧ ཚེས་༡༥ ནང་ཚུན་ལྷན་ཚོགས་དེའི་འོག་དེབ་སྐྱེལ་མ་བྱས་པ་ཡིན་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལ་བརྩི་བཀུར་མ་བྱས་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་བསྒྲགས་སོང་།
ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་དགོང་དྲོ་ཆུ་ཚོད་༤ པའི་ཐོག དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་ཐོག་ཏུ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་། ཚོགས་ཐོག་དེར་བོད་ཀྱི་གསོ་བ་རིག་པའི་ཆེ་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་གཙོས་པས། དྲུང་ཆེ་དང་གཞན་ཡང་ཚོགས་མི་ཁག་ཅིག་བཅས་མཉམ་ཞུགས་བྱས་འདུག
དེ་ཡང་ཐོག་མར་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་ཀྱིས། ཚོགས་པ་དེ་ཐོག་མར་སྤྱི་འཐུས་ལྷན་ཚོགས་ནང་གོ་བསྡུར་བྱས་ཏེ་བཙུགས་པ་ཞིག་རེད། དེ་འདྲ་སོང་ཙང་ང་ཚོ་ཚོགས་མི་ཚང་མས་ད་ལྟའི་བར་གང་འཚམས་ཀྱི་ཚོགས་པ་འདིའི་རྨང་གཞི་བརྟན་པོ་བཟོས་ཡོད། འོན་ཀྱང་ད་དུང་ཡང་མུ་མཐུད་ནས་ཡར་རྒྱས་ལ་གཏོང་དགོས་དུས། ང་ཚོས་ལམ་སྟོན་ཞུས་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་གཞུང་གི་ངོས་ནས་ང་ཚོ་ལ་ལམ་སྟོན་དང་རོགས་རམ་དགོས་ཀྱི་ཡོད་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
ཡང་ཁོང་གིས་ཚོགས་པ་དེའི་འགྲོ་གྲོན་གྱི་དཀའ་ངལ་དང་། བཙན་བྱོལ་གཞུང་གི་ངོས་ནས་ཚོགས་པ་དེར་རྒྱབ་སྐྱོར་དང་ཆེ་མཐོང་དགོས་སྐོར་གསུང་དོན། དེ་སྔོན་བཀའ་ཤག་གསར་པ་ལ་དངུལ་གྱི་རོགས་པ་གནང་རོགས་ཞེས་འཚམས་འདྲི་དང་སྦྲགས་ཞུས་པ་ཡིན། ཡིན་ན་ཡང་ང་ཚོའི་འདོད་པ་ནང་བཞིན་ཞིག་བྱུང་ཡོད་པ་མ་རེད། དཔལ་འབྱོར་དང་ཆེ་མཐོང་གཉིས་ཀྱི་ཐོག་ནས་ང་ཚོ་ལ་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། ལས་ཁུངས་འདིར་མི་གཅིག་གཉིས་ཤིག་ཁང་པ་སྲུང་མཁན་གྱི་བཟོ་འདྲ་བོ་བཞག་ན་འགྲིག་གི་ཡོད་མ་རེད། དེར་བརྟེན། བྱུང་པ་ཡིན་ན་ང་ཚོ་ལ་རྒྱུན་འགྲོན་ངེས་པར་དུ་གཏོང་དགོས་ཀྱི་འདུག་ཅེས་ཐེངས་མང་པོར་ཞུས་པ་ཡིན། ལོ་སྔོན་མར་མཚོན་ན་ང་ཚོ་ལ་འགྲོ་གྲོན་འབུམ་༩ སོང་ཡོད་རེད། ཡིན་ན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གསོལ་རེས་ཡིན་ཟེར་ནས། དེ་སྔོན་ལོ་༡ ལ་ཆིག་འབུམ་ལྔ་ཁྲི་གནང་གི་ཡོད་རེད། དྲང་མོ་བཤད་ན་ཁང་པ་སྲུང་མཁན་གྱི་གླ་ཆ་ཞིག་མ་གཏོགས་འདང་གི་ཡོད་མ་རེད། སྐབས་གཉིས་པའི་སྐབས་སུ་ཏོག་ཙམ་སྤར་ནས་ཉིས་འབུམ་ལྔ་ཁྲི་གནང་བ་རེད། ད་ལོ་ཡིན་ན་སྔོན་རྩིས་ནང་ལ་དངུལ་དེ་བཅད་འདུག་ཟེར། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་སྣང་མེད་གཏོང་གི་ཡོད་པའི་བཟོ་འདྲ་བོ་མཐོང་སོང་། ཡིན་ན་ཡང་མཐར་གྲོས་ཚོགས་ནང་ལ་སྤྱི་འཐུས་ཁ་ཤས་ཤིག་གིས་གླེང་སློང་བྱས་ནས་དངུལ་རག་ཐུབ་ཡོད་པ་རེད། སྒྲིག་འཛུགས་བཟོ་རྒྱུ་ལས་སླ་པོ་རེད། ཡིན་ན་ཡང་མཇུག་སྐྱོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་རེད། དེར་བརྟེན། ང་ཚོ་ཚང་མས་མཉམ་དུ་ལས་ཀ་བྱེད་དགོས་ཀྱི་ཡོད་རེད་ཅེས་བརྗོད་སོང་།
དེ་ནས་ཁོང་གིས་སྨན་པའི་ལྷན་ཚོགས་འོག་ཏུ་སློབ་གཉེར་ཁང་ཁག་དང་སྨན་སྦྱོར་སྡེ་ཚན་ཁག་དེབ་སྐྱེལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་བྱས་པའི་ནང་། རྩ་བའི་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་སྨན་སྦྱོར་སྡེ་ཚན་ཁག་སུ་འདྲ་ཞིག་ཡིན་རུང་། དེབ་སྐྱེལ་དགོས་ཀྱི་ཡོད། དེང་སང་བོད་ཀྱི་གསོ་བ་རིག་པའི་མིང་ཁུར་ནས་ཚོང་འདྲ་མིན་རྒྱག་མཁན་དེ་འདྲ་ཡོང་གི་ཡོད་པ་རེད། མི་རེ་ཟུང་གིས་དཔལ་འབྱོར་གྱི་ཁེ་ཕན་ཆེད་ལས་ཀ་དེ་འདྲ་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་བསྟན་པ་སྤྱི་ལ་གནོད་པ་བྱུང་བ་ཡིན་ན་འགྲིག་གི་མ་རེད། གནད་དོན་དེ་ཚོ་མེད་པ་བཟོ་བ་ལ་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་ཀྱི་རེད། ལྷན་ཚོགས་གཅིག་པུའི་ལས་འགན་མ་རེད། སྨན་ཚད་ལྡན་དགོས་ཀྱི་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་རེད།
དེ་འདྲ་ཡིན་དུས། ལྕགས་པོ་རིའི་དྲན་རྟེན་སློབ་གཉེར་ཁང་དང་། ཝ་ར་ཎ་སི་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་སྨན་སྦྱོར་ཁང་། ལ་དྭགས་ནང་པའི་མཚན་ཉིད་སློབ་གྲྭའི་གསོ་རིག་སྡེ་ཚན་གྱི་སྨན་སྦྱོར་ཁང་གསུམ་གྱིས། ༢༠༡༢ ཟླ་ བ་༦ པའི་ཚེས་༥ ནང་ཚན་དུ་དེབ་སྐྱེལ་ངེས་པར་དགོས་ཀྱི་ཡོད། དེ་བཞིན་སྒེར་པའི་སྨན་སྦྱོར་མཁན་ཚོ་ཡིན་ན་༢༠༡༢ ལོའི་ཟླ་བ་༧ ཚེས་༡༥ ནང་ཚུན་དུ་དེབ་སྐྱེལ་ངེས་པར་དུ་དགོས་ཀྱི་ཡོད། གོང་བཀོད་ཀྱི་དུས་ཚོད་ལྟར་དེབ་སྐྱེལ་མ་བྱས་པ་ཡིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། གཏན་འབེབས་གནང་བའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༩ པའི་ནང་གསལ་ཁག་ལ། བརྩི་བཀུར་མ་བྱས་པའི་ངོས་འཛིན་གྱིས་གྲོས་ཚོགས་ལ་སྙན་སེང་ཞུ་རྒྱུ་ཡིན་ཞེས་བསྒྲགས་སོང་།
ཚོགས་པ་དེ་གཙོ་བོ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཉམ་པ་སླར་གསོ་དང་། མི་ཉམ་གོང་སྤེལ་གྱི་ཆེད་དུ་བཙུགས་ཏེ་ལོ་ངོ་༨་སོང་ཡོད་པ་དང་། ལྷན་ཚོགས་དེའི་འོག་དེབ་སྐྱེལ་ཡོད་པའི་སྨན་པའི་གྲངས་༤༠༠ ཡོད་པ་རེད་འདུག