མི་མང་ཁྲོད་ཨ་མཆོག་སྨན་བཅོས་ཀྱི་ལས་འགུལ།
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་པདྨ་ཚལ་སློབ་གྲྭའི་མཐུན་འགྱུར་གོ་སྒྲིག་འོག མི་མང་ཁྲོད་ཨ་མཆོག་སྨོན་བཅོས་དང་ཨ་མཆོག་གིས་གསལ་པོ་མི་གོ་མཁན་ཚོར་ཉན་ཆས་སྒྲིག་སྦྱོར་གྱི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་པ་རེད།
པདྨ་ཚལ་སློབ་གྲྭའི་ངས་སྟོན་པ་གུ་རུ་རྒྱལ་མཚན་ལགས་སུ་སྨན་བཅོས་དེའི་སྐོར་ལ་བཅར་འདྲི་ཞུས་པར་། ཁོང་གིས་“སྤྱིར་བཏང་ད་ལྟའི་ཆར་འཛམ་གླིང་འདིའི་ནང་འཕྲོད་བསྟེན་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རང་རེའི་བཙན་བྱོལ་ནང་ལ་ཆ་མཚོན་པ་ཡིན་ན་མིག་དང་སོ་སོགས་ཀྱི་སྐོར་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་དེ་འདྲའི་གོ་སྒྲིག་འོག བརྟག་དཔྱད་སྨན་བཅོས་དེ་འདྲ་མང་པོ་ཡོང་གི་འདུག ཡིན་ན་ཡང་ཨ་མཆོག་གིས་ཐོག་ལ་ད་ལྟའི་བར་སྨན་བཅོས་བརྟག་དཔྱད་ཀྱི་ལས་གཞི་ཞེ་དྲག་ཉུང་ཉུང་ཡིན་པ་དང་། དབང་པོ་ལྔའི་ནང་ནས་ཨ་མཆོག་དེ་གལ་ཆེན་པོ་གཅིག་ཡིན་པས། ལས་གཞི་འདིའི་ཐོག་དོ་སྣང་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ། ཨ་རིར་གནས་བཞུགས་ང་ཚོའི་པདྨ་ཚལ་ཕྱག་འདེབས་མཁན་མཁན་པོ་པདྨ་དབང་གྲགས་ལགས་བརྒྱུད་ནས་ཚོགས་པ་ཞིག་དང་འབྲེལ་བ་བྱེད་རྒྱུའི་གོ་སྐབས་རག་འདུག ང་ཚོ་བོད་པའི་སྤྱི་ཚོགས་ནང་ཨ་མཆོག་གིས་མི་གོ་མཁན་དེ་འདྲ་མང་པོ་ཡོད་པ་རེད། དེ་ཚོར་རོགས་རམ་གནང་དགོས་སྐོར་གྱི་རེ་སྐུལ་ཞུས་དོན་བཞིན་ཁོང་ཚོས་ཞལ་བཞེས་གནང་བ་རེད། སྨན་པའི་རོགས་ཚོགས་དེ་ཨ་རི་ནས་རེད། ཚོགས་པ་དེའི་མང་ལ་Starkey Hearing Aids Foundation ཟེར་གྱི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་ལས་གཞི་དེའི་སྐོར་མུ་མཐུད་འགྲེལ་བརྗོད་གནང་དོན། “དེ་ཡང་སྨན་བཅོས་ལས་གཞི་དང་པོ་དེ་མོན་གྷོ་ས་གནས་གཞིས་ཆགས་དང་དྷ་རམ་ས་ལར་འགྲོ་རྒྱུ་ཡིན། དྷ་སར་ཐོག་མར་རང་གཞུང་འཕྲོད་བསྟེན་ལས་ཁུངས་དང་བོད་ཁྱིམ་བཅས་སུ་འབྲེལ་བ་བྱས་པ་ཡིན། ཡིན་ཡང་ཁོང་ཚོས་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག མཐའ་མ་དེ་ལ་སྙིང་སྟོབས་གླིང་ལ་འབྲེལ་བ་བྱས་ནས་ཁོང་ཚོས་འགན་ཁུར་གོ་སྒྲིག་བྱེད་བཞིན་ཡོད། མོན་གྷོར་ས་གནས་སུ་པདྨ་ཚལ་སློབ་གྲྭའི་གོ་སྒྲིག་འོག ས་གནས་འགོ་འཛིན་ལས་ཁང་བརྒྱུད་ནས་གསལ་བསྒྲགས་སྔོན་སོང་ཐོག་ཐོ་འགོད་བྱེད་སྐབས་མི་གྲངས་༣༥༦ འདུག ཡིན་ཡང་དེ་རིང་དངོས་སུ་ཨ་མཆོག་བརྟག་དཔྱད་བྱས་ནས་ཉན་ཆས་སྒྲིག་སྦྱོར་བྱེད་སྐབས་མི་ཚང་མ་སླེབས་ཐུབ་མ་སོང་། ཉན་ཆས་འདི་རྗེས་མ་ཕྱི་ཟླ་༥ པའི་ཚེས་ཤར་ལ་སྦྱིན་བདག་དང་སྨན་པ་ཚང་མ་འདིར་དངོས་སུ་ཕེབས་ནས་གནང་གི་རེད་”ཅེས་འགྲེལ་བརྗོད་བྱས་སོང་།
ཡང་ཁོང་ལ་དྷ་ས་དང་མོན་གྷོ་གཅིག་པུ་མ་ཡིན་པར་མ་འོངས་པར་ལས་བཞི་རྒྱ་ཆེ་རུ་གཏོང་འཆར་ཡོད་མེད་སྐོར་ལ་དྲིས་པར། ཁོང་གིས་“ད་ལྟ་མོན་གྷོ་དང་དྷ་ས་གཅིག་པུར་ལས་གཞི་འདི་འགོ་འཛུགས་བྱས་ཡོད་པ་རེད་དེ། མ་འོངས་པར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཡོངས་ལ་ལས་གཞི་འདི་ཁྱབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་ནས་སྦྱིན་བདག་ལ་ཡང་ལབ་ཚར་བ་ཡིན་”ཞེས་སོགས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།