འཐབ་རྩོད་ཀྱི་སྒྲིག་འཛུགས་ཇེ་བརྟན་དུ་བཏང་ཡོད་ཅེས་གསུངས།
ཟླ་འདིའི་ཚེས་༦ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་འགྱུར་རྙིང་མ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་ནས་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
ཟླ་༤ ཚེས་༤ ནས་ཚེས་༦ བར་ཉིན་གསུམ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དྷ་ས་ནོར་གླིང་ཉེ་འཁྲིས་ཀྱི་ཁམས་སྤྲུལ་རིན་པོ་ཆེའི་བྱེས་ཀྱི་གདན་ས་འཆི་མེད་དགའ་ཚལ་གླིང་དུ་བཞུགས་ནས། ཉིན་གཉིས་རིང་གསང་བ་རྒྱ་ཆེན་གྱི་ནང་གསེས། བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་བཀའ་དབང་གནང་ཡོད་པ་རེད། ཐེ་ཝན་དང་ཉི་ཧོང། ཀོ་རི་ཡ་སོགས་དང་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་དང་དྷ་སར་གཏན་སྡོད་སེར་སྐྱ་མི་མང་ཆོས་ཞུར་བཅར་ཡོད་པ་རེད།
ཚེས་༦ ཉིན་གྱི་སྔ་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་འགྱུར་རྙིང་མ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་ནས་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། རྡོ་རྗེ་སློབ་དཔོན་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག སྤྲུལ་སྐུ་ཨོ་རྒྱན་མཆོག་ནས་མཎྜལ་ལྗགས་བཤད་མཛད་ཡོད་པ་རེད།
བཀའ་དབང་དངོས་གཞིའི་སྐབས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “མ་གཞི་རིན་པོ་ཆེ་མཆོག་༧རྒྱལ་བ་གོང་མ་རྣམས་དང་ཚེ་རབས་མང་པོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་གསལ་པོ་རེད། ད་ལྟ་དགུང་ལོ་མཐོན་པོར་ཕེབས་ཏེ་སྐུ་གཟུགས་སྐྱོ་པོ་རེད། ཡིན་ནའང་། དེ་རིང་བཀའ་བརྒྱད་ཀྱི་དབང་བསྐུར་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་བྱུང་”ཞེས་དང་། “ང་རང་ལ་མཚོན་ན། ས་དགེ་བཀའ་རྙིང་ཚང་མའི་དབང་ལུང་ཁྲིད་གསུམ་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་ལ། རིས་སུ་མ་ཆད་པའི་བླ་མ་གོང་མ་ཚོའི་གསུང་མཇལ་བའི་སྐབས། གཅིག་གིས་གཞུང་གི་གོ་བ་ཆ་ཚང་མ་ལོན་པ་ཞིག་གཞུང་གཞན་ནས་གོ་བ་ལེན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུག་”ཅེས་བཀའ་སློབ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་གནང་བ་དང་། དགའ་ལྡན་ཕོ་བྲང་གི་གཞུང་ཕྱིར་བསྡུར་གནང་བའི་སྐོར་མུ་མཐུད་གསུང་དོན། “ལོ་ངོ་༤༠༠ ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་རེད། ད་ཆ་བླ་མས་གཞུང་གི་དབང་ཆ་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། འདོད་རུང་མ་འདོད་རུང་དངོས་ཡོད་གནས་ཚུལ་ཐོག་དུས་ཚོད་ཡོལ་ཟིན་པ་རེད། ཆོས་ཕྱོགས་ནས་བཤད་ན། ང་ཚོས་སེམས་ཅན་ཐམས་ཅད་བཤད་ཀྱི་ཡོད་པ་མ་གཏོགས་སེམས་ཅན་ཉུང་ཤས་ཤིག་གི་ཆེད་དུ་བཤད་ཀྱི་ཡོད་པ་མ་རེད། འཛམ་གླིང་གི་བདག་པོ་དེ་འཛམ་གླིང་མི་མང་རེད་མ་གཏོགས། འཛམ་གླིང་དེ་བླ་མ་ལ་བདག་ཡོད་པ་མ་རེད། དཔོན་པོ་ལ་བདག་ཡོད་པ་མ་རེད། རྒྱལ་པོ་དང་རྒྱལ་མོ་ལའང་བདག་ཡོད་པ་མ་རེད། འཛམ་གླིང་འདི་འཛམ་གླིང་མི་དམངས་ལ་དབང་ཡོད་པ་ནང་བཞིན། ཡུལ་གྲུ་སོ་སོའང་མི་དམངས་ལ་དབང་ཡོད་པ་རེད་”ཅེས་དང་། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་ལ་བསླེབས་ཡོད་པ་རེད། ཡུལ་ལུང་དེ་དག་མི་མང་ལ་དབང་བ་ཡིན་སྟབས། ཡུལ་ལུང་དེ་དག་མི་མང་གིས་བདག་པོ་རྒྱག་སྟངས་དེ། མི་མང་ཀྱིས་འོས་བསྡུ་བྱས་ཏེ་སྤྱི་མོས་ཐོག་ཡོང་བའི་མི་དེས་འགན་འཁུར་དགོས་པ་རེད། མི་དེ་མི་མང་འོས་བསྡུའི་ལམ་ནས་ཡོང་བ་ཡིན་སྟབས། གནས་ཚུལ་གང་ཡིན་རུང་མི་མང་ལ་གོ་བསྡུར་བྱ་དགོས་ཀྱི་ཡོད། མི་མང་གིས་བསྐོས་པའི་དཔོན་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། མང་གཙོའི་འགྲོ་སྟངས་དེ་ཡག་ཤོས་ཆགས་ཡོད་ཅེས་དང་། ༸གོང་ས་ལྔ་པ་ཆེན་པོས་ལོ་ ༤༠༠ གོང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་རེད། ང་རང་གིས་དུས་རབས་ཉེར་གཅིག་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ཏེ་བསྡུ་གསོག་བརྒྱབ་པ་རེད། ༧གོང་ས་ལྔ་པ་ཆེན་པོས་བཙུགས་པ་དེ་ངས་གཏོར་བཤིག་བཏང་བ་དེ་འདྲ་མ་རེད། ༧གོང་ས་མཆོག་ལྔ་པ་ཆེན་པོར་མཛད་རྗེས་ཡོད་བསྡད་པ་དེ། ང་རང་གིས་ད་ལྟའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་འགྱུར་བ་བཏང་བ་ཞིག་ཆགས་ཡོད། དེ་ཡིས་བོད་ཀྱི་བདེན་པའི་འཐབ་རྩོད་བྱ་རྒྱུའི་སྒྲིག་འཛུགས་ཇེ་བརྟན་དུ་བཏང་ཡོད་པ་རེད།”ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།