ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་འཚོགས་དུས་གཉིས་པ།
ཟླ་འདིའི་ཚེས་༦ ནས་༨ བར་སུད་སུའི་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག དབྱིན་ཇི་དང་འཇར་མན། ཨོ་སུ་ཁྲི་རེ་ཡ། ཧྥ་རན་སི། ནོར་ཝེ། ཧོ་ལན་ཊི། བྷེལ་རྗམ། ཨེ་ཊེ་ལེ། སུ་པན། སུ་སུད་བཅས་རྒྱལ་ཁབ་བཅུ་ནས་ཡོང་བའི་བོད་རིགས་གཞོན་སྐྱེས་བརྒྱ་དང་ཉུ་ཤུའི་རྨང་གཞིའི་ཐོག་ས་གནས་བོད་མི་བཅས་མི་ཉིས་བརྒྱ་ལྔ་བཅུ་ཡས་མས་མཉམ་ཞུགས་བྱས་ཏེ།
“ང་ཚོས་ལག་བསྟར་བྱེད་”ཅེས་པའི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་སུ་སུད་ཨིན་སུ་ཏན་ཞེས་པའི་ས་གནས་ཤིག་ཏུ་ཉིན་གསུམ་གྱི་རིང་ལ་འཚོགས།
དེ་ཡང་ཚེས་༧ ཉིན་གྱི་ཞོགས་པར་རི་གོང་དགོན་གྱི་བླ་མ་མཁན་རིན་པོ་ཆེས་ནས་ཆར་ཤུགས་ཆེ་ཆུང་ལ་མ་ལྟོས་པར་ཆེད་ཕེབས་ཀྱི་བསང་གསོལ་རྒྱ་ཆེན་པོ་ཞིག་གནང་བ་དང་བོད་དོན་གྱི་ཐད་ལ་བོད་མི་རང་ཉིད་ནས་རང་འགན་འཁུར་དགོས་པའི་གསུང་བཤད་ཀྱང་གནང་སོང་།
བོད་ཀྱི་གཞོན་ནུའི་གྲོས་ཚོགས་འཚོགས་དུས་གཉིས་པ་འགོ་འཛུགས་ཐོག་ཚོགས་གཙོ་ཟུར་བ་ནོར་འཛིན་ལྷ་མོས་དབྱིན་ཡིག་དང་ཚོགས་གཙོ་གསར་བ་བསྟན་འཛིན་བསྐལ་ལྡན་གྱིས་བོད་སྐད་ཀྱི་ཐོག་ནས་ལས་རིམ་ངོ་སྤྲོད་གནང་སོང་། ལོ་གཉིས་སྔོན་དུ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་འཚོགས་དུས་དང་པོ་ང་ཚོ་བོད་ཡིན་ཞེས་པའི་ཚོགས་ཆེན་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་ཚོགས་འདུ་དབུ་འབྱེད་གནང་ཡོད་པ་རེད། ཡོ་རོབ་བོད་མི་མང་སྤྱི་མཐུས་གཉིས་ཀྱིས་ཀྱང་འཚོགས་འདུ་འདིར་དགོངས་ཚུལ་དང་བསྟོད་བསྔགས་སོགས་རྒྱབ་སྐྱོར་ཡོད་པའི་རྣམ་པའི་གསུངས་བཤད་གནང་སོང་།
ཡོ་རོབ་བོད་ཀྱི་འཚོགས་དུས་གཉིས་པའི་བརྗོད་བྱ་གཙོ་བོ་གསུམ་ནི།
དང་པོ། ལོ་ངོ་བརྒྱ་ལྷག་ཡར་སྔོན་ནས་བོད་རང་བཙན་ཡིན་པའི་ཡོང་ཁྱབ་གསལ་བསྒྲགས།
གཉིས་པ། ཡོ་རོབ་གླིང་དུ་བོད་ཀྱི་རིག་གཞུང་ཅི་ལྟར་སྤེལ་ཚུལ།
གསུམ་པ། རྒྱ་ནག་གི་སྲིད་འཛིན་གསར་པས་བོད་ལ་སྲིད་ཇུས་ཅི་ལྟ་བུ་ཞིག་འཛིན་མིན་སོགས་ཀྱི་ཐད་ལ་ཚོགས་མི་རྣམས་ནས་ཚོགས་ཆུང་གསུམ་ལ་བགོས་ཏེ་བགྲོ་གླེང་ལྷུག་པོར་གནང་རྗེས། གཟའ་ཉི་མའི་ཉིན་གྱི་ཕྱི་དྲོད་ཚོགས་ཆུང་རེ་རེ་ནས་མཐུས་མི་གཉིས་རེ་བྱས་ནས་རང་རང་གི་བགྲོ་གླེང་གི་མཇུག་འབྲས་དེ་མི་མང་ཀྱི་མདུན་ནས་སྒྲོགས་སྦྱང་དང་འབྲེལ་བའི་དྲི་བ་དྲིས་ལན་བྱས་ཡོད་པ་རེད།
ཡོ་རོབ་གཞོན་ནུའི་ཚོགས་འདུ་འདི་ལྟར་རྒྱལ་ཁའི་ངང་མཇུག་རྫོགས་པ་དང་སུད་སིར་གནས་སྡོད་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་སྤྱི་མཐུས་རྣམས་གཉིས་གཙོའི་བོད་མི་གཞོན་སྐྱེས་བརྒྱ་ལྷག་ཅིག་གིས་བོད་ཕྱི་ནང་གཉིས་ནས་བོད་དོན་ཆེད་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོས་པའི་དུས་ཀྱི་སེམས་ཚོར་བརྗོད་བྱུང་ལ། རྒན་གཞོན་དང་ཕོ་མོ་དབྱེར་མེད་ཀྱི་མིག་ཆུས་གདུང་སེམས་མཉམ་བསྐྱེད་མཚོན་པར་བྱས་སོང་།
ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་གཞོན་ནུའི་ཚོགས་པ་མིན་ན་ཡང་། འབྲེལ་བ་གཏན་ནས་མེད་པ་ཞིག་ཀྱང་མིན་སྐོར་ཚོགས་གཙོ་ཟུར་བ་བདེ་སྐྱིད་ལགས་ནས་འབྲེལ་བརྗོད་གནང་སོང་། ལོ་རྗེས་མའི་ཚོགས་དུས་གསུམ་པ་དེ་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་པ་ཞིག་ཏུ་འཚོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག །
ས་གནས་ནས་ཀླུ་རྒྱལ་དོན་འགྲུབ་ཀྱིས།