ཨོ་གླིང་མེལ་བྷོན་བོད་རྒྱལ་ཡོངས་ཚོགས་ཆེན་མཇུག་གྲོལ་བ།

འདི་ཟླའི་ཚེ་༦ནས་༨པར་ཉིན་གསུམ་རིང་འཚོག་པའི་ཨོ་སི་ཁྲི་ལི་ཡ་དང་ནིའུ་ཛི་ལེན་ཌི་གཉིས་ཀྱི་བོད་རྒྱལ་ཡོང་ཚོགས་ཆེན་ཚོགས་དེ་ལེགས་གྲུབ་བྱུང་སྟེ་མཇུག་གྲོལ་ཡོད་པ་རེད།

kunchok_6_4_2012དེ་ཡང་ཉིན་གསུམ་རིང་ལ་ས་གནས་ཁག་གི་ཚོགས་བཅར་བ་ཡོངས་གྲོས་བསྡུར་བགྲོ་གླེང་རིམ་པ་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་གནད་དོན་སེལ་ཐབས། ས་གནས་བོད་རིགས་མཐུན་ཚོགས་ཁག་ཚགས་ཚུད་དང་། ཡར་རྒྱས། དང་བླང་དཔྱ་དངུལ། བོད་མི་མང་སྤྱི་འཐུས། སྤྱི་སྨན་དགོངས་འཆར་སོགས་གྲོས་གཞི་ཁག་གི་མི་འདྲ་དེ་དག་གི་ཐོག་ལ་དཔྱད་གླེང་གྲོས་བསྡུར་ཞིབ་ཕྲ་བྱས་འབྲས་སུ་སྤྱི་མོས་གྲོས་ཆོད་ཁག་མི་འདྲ་བ་ཁག་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་རེད།

གྲོས་ཆོད་ནི་དང་པོ། ཆོས་དང་རིག་གཞུང་སྐོར།

༡ སྦིར་སི་སྦན་ས་གནས་བོད་རིགས་ཚོགས་པས་བོད་པའི་ཆོས་ཚོགས་བརྒྱུད་ནང་ཆོས་ངོ་སྤྲོད་ཞུ་རྒྱུའི་ལས་རིམ་བརྩམས་པ་བཞིན་ས་གནས་གཞན་ནས་ཀྱང་དེ་མཚུངས་བོད་ཕྲུག་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་གནང་ཐབས་བྱུང་ན་དགེ་མཚན་ཆེ།

༢) ཕ་མ་དགེ་རྒན་དང་པོ་ཡིན་ཟེར་བ་བཞིན་ཕ་མ་རྣམས་ཀྱིས་རང་གི་ཕྲུ་གུར་བོད་སྐད་ཐོག་ནས་སྐད་ཆ་བཤད་རྒྱུ་གལ་ཆེ་བ།

༣) བོད་རིགས་མཐུན་ཚོགས་ནས་སློབ་གྲྭ་བཙུགས། དགེ་རྒན་གོ་སྒྲིག་ཞུས་ཀྱང་ཕ་མས་རྒྱབ་སྐྱོར་མ་བྱས་ཚེ་དེ་ཙམ་གྱི་ཕན་ཐོགས་མེད་པས་ཕ་མ་ཚང་མས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་གལ་ཆེ་དོན་ཆེ་གནང་གལ།

༤) དབུས་བོད་མིའི་སྒྲིག་འཛུགས་ལ་སྙན་འབུལ་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོའི་ཆེད་ཤེས་ཡོན་སྲིད་བྱུས་དང་། ཐབས་ལམ་གསར་པ་བཟོ་ཐུབ་ན་ཡག་པོ་འདུག

༥) ཕ་མ་རྣམས་ནས་ཕྲུ་གུར་བོད་སྐད་དང་བོད་ཡིག་སོགས་བོད་པའི་རིག་གཞུང་མིག་དཔེ་སློབ་སྟོན་བྱ་རྒྱུའི་ཐོག་མར་ཕ་མར་ངེས་པར་ཟབ་སྦྱོང་སྤྲོད་གལ་ཆེ།

༦) བོད་རིགས་ཚོགས་པ་ཁག་དང་། མི་སྒེར་ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ལ་འབྲེལ་ལམ་སྔར་བས་དམ་ཟབ་གནང་རྒྱུ།

༧) བོད་ནང་ལ་ལྷག་དཀར་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར་འདི་ནས་ཀྱང་རེས་གཟའ་ལྷག་པ་ནམ་ཡིན་ལ་ཁྱིམ་ཚང་དང་། གྲོགས་ནང་ཁུལ་དུ་བོད་སྐད་བཤད། བོད་གཞས་བཏང་། བོད་ཟས་ཟོས། མཆོད་མེ་ཡོན་ཆབ་དང་། ཁ་འདོན་དགེ་སྦྱོར་སོགས་བོད་ཀྱི་ཉིན་མོ་ཞིག་ཏུ་བརྩི་སྲུང་ཞུ་རྒྱུ།

༨) ཡུལ་འདིར་གནས་འཁོད་བོད་དགེ་རྣམས་པས་ཡུལ་དུས་དང་མཚམས་པའི་བོད་ཡིག་སློབ་དེབ་ཞིག་ཕྱོགས་བསྒྲིགས་བྱེད་ཐབས་ཡོད་པ།

༩) དེ་བཞིན་བོད་ཕྲུག་ཚོའི་ཆེད་དུ་རིག་རྩལ་འགྲན་སྡུར་བགྲོ་གླེང་གོ་སྒྲིག་གནང་ཐུབ་ན་ཕན་ཐོགས་ཡོང་རྒྱུ།

གཉིས་པ། བོད་ཀྱི་རྩ་དོན་ཐད།

༡) བོད་ཕྱི་ནང་གཉིས་ཀྱི་དཔའ་བོ་དཔའ་མོ་རྣམས་པ་དང་མི་མང་གི་མངོན་འདོད་གཅིག་གྱུར་སོང་བདེན་པ་བདེན་ཐོག་ལ་འཁྱོར་ཐབས་དེ་ང་ཚོའི་ལས་འགན་ཡིན།

༢) འདི་ལོ་ཟླ་གསུམ་པའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་འོག གྲོས་ཚོགས་སུ་བོད་དོན་ཞུ་འབུལ་ལས་འགུལ་དེ་གྲུབ་འབྲས་ལམ་ལྷོང་ལྡན་པ་བྱུང་བར་བསྔགས་བརྗོད་སྦྲགས། སླད་མར་དེའི་རིགས་མུ་མཐུད་ཡོང་ཐབས་དང་། ས་གནས་བོད་མིས་ས་གནས་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་འབོད་རྒྱུ་མཚན་ལྡན་པའི་ཐོག་ནས་ཞུ་ཐབས།

༣) ལས་འགུལ་གང་ཞིག་སྤེལ་སྐབས་མི་མང་གང་མང་མཉམ་ཞུགས་མུ་མཐུད་ཡོང་ཐབས་འབོད་སྐུལ་ཡང་ནས་ཡང་དུ་བྱེད་རྒྱུ།

༤) རྒྱ་བོད་མཛའ་འབྲེལ་ཚོགས་པར་འབྲེལ་བ་མུ་མཐུད་རྒྱུ་དང་། མེད་པར་གསར་དུ་འཛུགས་ཐབས་དང་། མི་མང་ནང་ངང་རིང་བཟོད་བསྲན་གྱིས་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ལས་འགུལ་ནང་ལ་གང་ཐུབ་མཉམ་ཞུགས་གནང་གལ།

༥) མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་ཚོས་མཐོ་སློབ་འགྲིམས་བཞིན་པའི་རྒྱ་རིགས་སློབ་ཕྲུག་ལ་འབྲེལ་བ་གནང་ཐབས་དང་། བོད་ཕྲུག་ཚོར་སྔོན་ཚོད་ནས། བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་བབ་དང་༧གོང་ས་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞི་ཟབ་སྦྱོང་སྤྲོད་རྒྱུ།

གསུམ་པ། བོད་རིགས་ཚོགས་པ་ཁག་ཚགས་ཚུད་དང་ཡར་རྒྱས།

༡) ཨོ་སི་ཁྲུ་ལི་ཡའི་བོད་རིགས་ཚོགས་པ་སྤྱི་ལ་ཁྱབ་པའི་སྒྲིག་གཞི་གང་མྱུུར་གཏན་འབེབས་བྱས་ནས་བོད་རིགས་ཚོགས་པ་དེ་བཞིན་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་བསྐྱོད་རྒྱུ།

༢) རྒྱུན་ལས་འོས་འདེབས་སྐབས་སྔོན་འགྲོ་དང་། དངོས་གཞི་འོས་བསྡུ་བྱས་ནས་སྔོན་འགྲོའི་མའི་ལོ་རྒྱུས་རགས་བསྡུས་མི་མང་ལ་ངོ་སྤྲོད་གནང་ཚེ། འོས་ཐོན་བྱུང་བའི་རྒྱུན་ལས་ཚད་ལྡན་ཆེ་མཐོང་ལྡན་པ་ཞིག་ཡོང་བ་སྒྲིག་གཞི་གཞིའི་ན་ནང་བཅུག་དགོས་པ། མང་མོས་བྱུང་།

༤) ཕྱི་རྒྱལ་དུ་ཡོད་པའི་བོད་མི་བོད་དུ་གཉེན་འཕྲད་གང་མང་བསྐྱོད་རྒྱུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་དགག་བྱ་མེད་ཀྱང་། རང་རིགས་ཁག་གཅིག་གིས་གཉེན་འཕྲད་ལ་བསྙད་ནས་རྒྱ་མིའི་གཞུང་ཚབ་ཏུ་མགྲོན་འདོད་བྱེད་པ། མགྲོན་འབོད་ལ་འགྲོ་བ། རྒྱ་མིའི་འཐབ་ཕྱོགས་གཅིག་བསྒྱུར་མི་སྣར་སྣེ་ལེན་བྱེད་པ་དེར་བོད་རིགས་ཚོགས་དང་། མི་མང་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་སྤྱི་མོས་བྱུང་བ།

༥) རང་རིགས་རྣམས་པས་འདས་པའི་གནས་ཚུལ་ནི་ཚར་བ་ཡིན་པས་བརྩད་གཅོད་མེད། ཕྱིན་ཆད་ཚུལ་མཐུན་བླངས་ཀྱིས་གྲོས་ཆོད་གཏན་འབེབས་བྱུང་ཉིན་ནས་དངོས་སུ་ལག་བལྟར་བྱ་རྒྱུ་དང་། བོད་དུ་གཉེན་འཕྲད་ལག་ཁྱེར་(སྤ་སུ)་ཞུ་ཕྱོགས་ནི། ཨོ་སུ་ཁྲི་ལི་ཡའི་ཡུལ་མི་ཡིན་པ་གཞིར་བཟུང་ཡུལ་མིའི་ཐོབ་ཐང་བེད་སྤྱད་ནས་སྤྱི་མཚུངས་གཞུང་ཚབ་མི་སྣ་ཐུག་ནས་ལག་ཁྱེར་(སྤ་སུ་) ཞུ་དགོས་པ་སྤྱི་མོས་བྱུང་བ།

༦) རྒྱ་མིའི་གཞུང་ཚབ་མི་སྣས་གཉེན་འཕྲད་ལག་ཁྱེར་(སྤ་སུ)་ཞུ་སྐབས་བོད་རིགས་ཚོགས་པའི་ནང་ལས་ཀ་བྱེད་མི་ཚོག་པ་དང་། བོད་དོན་ལས་འགུལ་ནང་འཛུལ་ཞུགས་བྱས་ན་འགྲིགས་མིན་སོགས་སྔོན་འགྲོའི་ཆ་རྐྱེན་འདོན་པ་དང་། འཇིགས་སྐུལ་བཙན་འཕྲོག་བྱས་པ་ཞིག་ཡིན་པས་གལ་སྲིད་སླད་དེ་ལྟར་བྱས་ཚེ་ཁོ་བ་རྒྱ་མིའི་གཞུང་ཚབ་ནས་ཕྱིར་སློག་གཏོང་ཡས་ཀྱི་ཐབས་ལམ་ཡོད་པ་ཚང་མ་མཁྱེན་དགོས།

༧) ཨོ་སི་ཁྲི་ལི་ཡའི་རྒྱ་མིའི་གཟུང་ཚབ་ཀྱི་ལས་བྱེད་མི་སྣས་བོད་མི་ནང་ཁུལ་ལ་དབྱེན་འབྱོར་དཀྲུགས་ཞིང་བྱས་པའི་དཔའ་རྟགས་ཁུངས་སྐྱེལ་དང་བཅས་ཨོ་སི་ཁྲི་ལི་ཡའི་གཞུང་ལ་སྙན་ཞུ་ཕུལ་ནས་ཁོ་བའི་བྱ་སྤྱོད་དེའི་རིགས་ཚོད་འཛིན་དང་བཀག་འགོག་བྱ་རྒྱུ་སྤྱི་མོས་བྱུང་བ།

བཞི་པ། དང་བླང་དཔྱ་དངུལ་སྐོར།

༡) ས་གནས་སོ་སོའི་མི་འབོར་ལ་གཞིགས་པའི་ས་གནས་རང་བདེན་ཚོགས་ཆུང་ཟུར་དུ་བཙུགས་ན་དཔྱ་དངུལ་ཚགས་ཚུད་ལ་ཕན་ཐོགས་ཆེ་བ་སྤྱི་མོས་བྱུང་བ།

༢) གལ་སྲིད་ས་གནས་ལ་གཞིགས་པའི་ས་གནས་རང་བདེན་ཚོགས་ཆུང་ཚུགས་ཐུབ་མེད་ཚེ་རྒྱུན་ལས་གཅིག་དམིགས་བསལ་དང་བླང་དཔྱ་དངུལ་ལས་ཀའི་ཐོག་བཞག་ན་ཡག་པོ་འདུག་ཅེས་སྤྱི་མོས་བྱུང་བ།

ལྔ་བ། སྤྱི་སྨན་དགོངས་འཆར་སྐོར།

༣ ཨོ་སི་ཁྲི་ལི་ཡ་དང་། ནིའུ་ཛི་ལེན་ཌིའི་རྒྱལ་ཡོངས་ཚོགས་ཆེན་སྔར་རྗེས་གྲོས་ཆོད་ནང་གསལ་བ་བཞིན་ཨོ་སི་ཁྲི་ལི་ཡ་དང་། ནིའུ་ཛི་ལེན་ཌི་གཉིས་ལ་བོད་མི་མང་སྤྱི་འཐུས་ཞབས་སྟེགས་ཞིག་ཡོད་པའི་སྙན་འབུལ་ཞུས་པ་མཇུག་སྣོན་ཞུ་རྒྱུ་སྤྱི་མོས་བྱུང་བ།

༤) བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨོ་སི་ཁྲི་ལི་ཡར་གཟིགས་བསྐོར་གདན་ཞུ་བྱ་ཐབས་སྤྱི་མོས་བྱུང་བ།

༥) དབུས་བོད་མིའི་སྒྲིག་་འཛིགས་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་ལས་འབྱུང་འགྱུར་རང་རིགས་ཀྱིས་རིགས་གཅིག་རྐང་འཛིན་ཁྱད་མཁས་མི་སྣ་གསོ་སྐྱོང་གི་ལས་གཞི་བརྩམས་པར་རོགས་སྐྱོར་མ་དངུལ་ཐེབས་རྩའི་ཆེད་དུ་ཡུལ་འདིར་གནས་འཁོད་རང་རིགས་ནོར་བུ་དགྲ་འདུལ་ལགས་ཀྱིས་ཨོ་སྒོར་༡༠༠༠ ཐམ་པ་དང་། བློ་བཟང་ཆོས་སྒྲོན་ནས་ཨོ་སྒོར་ ༡༠༠༠་ཐམ་པ་དང་། དེ་བཞིན་ཐུབ་བསྟན་རྒྱལ་མཚན་ནས་ཨོ་སྒོར་ ༡༠༠༠ ཐམ་པ་ཞལ་འདེབས་མ་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་རང་རིགས་གང་མང་ནས་མ་དངུལ་ཐེབས་རྩའི་ཞལ་འདེབས་འབུལ་གནང་ཡོང་བ་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་གནད་དོན་འདིའི་ཐོག་ལ་འབྱུང་འགྱུར་ཞལ་འདེབས་འབུལ་ཡུལ་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན་པ་སོགས་སྤྱི་མོས་གྲོས་བྱུང་བ།

ཨོ་སི་ཁྲི་ལོ་ཡ་དང་ནིའི་ཛི་ལེན་ཌིའི་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཆོད་དུ་ཞེས་འཁོད་པའི་མཇུག་ཏུ་མེལ་བྷོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དོན་གྲུབ་ལགས་དང་སི་ཌི་ནེས་བོད་རོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནི་རྒན་ལགས། ཁེམ་བུ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ལྷ་མོ། དེ་བཞིན་སྦིར་སི་སྦན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་རྣམས་ཀྱིས་མཚན་རྟགས་བཀོད་ཡོད་པ་རེད།

kunchok1_6_4_2012

དེ་བཞིན་ཐེངས་འདིའི་ཚོགས་འདུའི་གཙོ་སྐྱོང་བ་མེལ་བྷོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་ད་ཐེངས་ཚོགས་འདུ་ལེགས་གྲུབ་བྱུང་ཡོད་པ་དང་ཚོགས་ཞུགས་པ་ཡོངས་ཀྱིས་བོད་སྤྱི་བའི་རྩ་དོན་དང་སྒྲུབ་ཕྱོགས་དང་འབྲེལ་བའི་བསམ་ཚུལ་བཏོན་པ་དང་ཆ་ཤས་ལེན་པ་སོགས་ཧ་ཅང་ཡག་པོ་བྱུང་སོང་ལ། མ་འོངས་པར་འདི་དང་འདི་མཚུངས་ཀྱི་གནས་སྟངས་ཐོག་ནས་ང་ཚོ་ཡང་ཡང་འཛོམས་དགོས་ཀྱི་ཡོད་རེད་ལ་ཚང་མས་ད་རེས་དཀའ་ཁག་འཛེམས་མེད་ཀྱིས་གནས་འདིར་ཡོང་སྟེ་མཉམ་ཞུགས་གནང་བར་ཐུགས་རྗེས་ཆེ་ཞུས་ཡོད་པ་རེད། མེལ་བྷོན་ཚོགས་གཞོན་སྟོབས་ཆེན་ལགས་ཀྱིས་ཀྱང་ད་རེས་ང་ཚོར་ཚོགས་ཞུགས་པ་མང་པོ་ཕེབས་ཡོད་པ་རེད་ལ་ང་ཚོས་ངོས་ནས་ཀྱང་གང་ཡོང་ཅི་ཡོང་བྱས་པ་ཡིན། ལྷག་པར་དུ་སྐུ་ངོ་དོན་གཅོད་རྣམ་པ་འདིར་མཉམ་ཞུགས་ཀྱིས་ང་ཚོར་ཚོགས་འདུར་ཐོགས་གསུང་བཤད་གསུང་བ་དང་ཉིན་གསུམ་རིང་ལ་མཉམ་ཞུགས་གནང་སྟེ་ལམ་སྟོན་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་མང་མར་ཐུགས་རྗེ་ཆེ་ཞུ་ཞེས་མཇུག་སྡོམ་གཏམ་བཤད་བྱས་ཡོད་པ་རེད། དེ་བཞིན་ཚོགས་འདུ་ཉིན་མཐའ་མའི་ཉིན་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་མཁན་ས་གནས་ཁག་གི་བོད་མི་ཡོངས་ཀྱིས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ལ་བསངས་གསོལ་གཏོང་བ་དང་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་སོགས་བཏོན་སྟེ་རླབས་ཆེན་ཆོས་ཀྱི་བྱ་བའི་སྒོ་ནས་ཚོགས་ཞུགས་པ་ཡོངས་ཀྱིས་ཀི་སྭ་ལྷ་རྒྱལ་འཐེན་ཡོད་པ་རེད། ཚོགས་འདུའི་ཐོགས་ལ་མི་མང་གི་བསམ་ཚུལ་སླེབས་པ་དང་གྲོས་གཞི་གྲོས་ཆོད་སོ་སོའི་འགོ་མཇུག་བར་གསུམ་གང་སར་བརྗོད་དོན་དང་འགལ་བ་ཡོད་པ་དང་སྐབས་དོན་རྗོད་བྱ་སོགས་འབྲེལ་བ་མེད་རིགས་བསམ་ཚུལ་སླེབས་པ་དེ་དག་འབྲེལ་ཡོད་སྤྱི་ཁྱབ་ཚོགས་གསོ་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་སྟངས་འཛིམ་ལེགས་པོ་བྱས་ཡོད་པ་རེད། དེ་འབྲེལ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམ་ནོར་བུ་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་རྣམ་གཉིས་ཀྱིས་ཀྱང་དབྱེ་ཞིབ་ནན་པོའི་གནས་བར་མཚམས་སོ་སོར་ལེགས་བཅོས་དང་དངོས་ཡོད་གནས་ཚུལ་ཐོག་ཇི་ལྟར་སྐྱོད་དགོས་མིན་སོགས་ཀྱི་ཐད་ལ་ཐུགས་ཞིབ་ལྷོད་མེད་གནང་སྟེ་ལམ་སྟོན་གནང་སོང་།

ཚོགས་འདི་འདི་དང་བྲེལ་དེ་ཉེ་ཆར་སི་ཌི་ནེས་གནས་སྡོད་ཚེ་རིང་སྐྱིད་འཛོམས་ལགས་ཀྱིས་གཙོ་འགན་བླངས་པ་དང་དེར་མཉམ་ཞུགས་གནང་མཁན་བློ་བཟང་ལུང་རྟོགས་དང་ཐུབ་བསྟན་དོན་གྲུབ། ཡེ་ཤེས་དཔལ་མོ། བསྡན་འཛིན་ལྷ་མོ་སོགས་ཨོ་གླིང་མངའ་སྡེ་ཁག་ཅིག་གི་བོད་མིའི་ཤེས་ཡོན་ཅན་དང་གཞོན་སྐྱེས་ཁག་གཅིག་གིས་ཨོ་སི་ཁྲི་ལི་ཡའི་གྲོས་ཚོགས་སོགས་ལ་བོད་དོན་ཞུ་གཏུགས་དང་དོན་སྙན་འབུལ་ཞུས་པ་དེ་དག་ལ་ལེགས་ཕྱོགས་ནས་གྲུབ་འབྲས་ཐོན་ཡོད་པའི་སྐོར་གྱི་གློག་བརྙན་བསྟན་པ་དང་། དེའི་རིགས་མུ་མཐུད་ནས་བྱེད་ཐུབ་དགེ་མཚན་ཆེ་སྐོར། དེ་བཞིན་བོད་པ་རང་ཉིད་མདུན་དུ་ཐོན་ནས་བོད་དོན་སྐོར་འབྲེལ་བཤད་བརྒྱབ་ན་དམིགས་བསལ་གྱི་གྲུབ་འབྲལ་ཡག་པོ་ཡོང་གི་ཡོད་སྐོར་ཐད་ལ་ཚེ་རིང་སྐྱིད་འཛོམས་ལགས་སོགས་སྐབས་དེའི་འབྲེལ་ཡོད་གཞོན་སྐྱེས་ཁག་གཅིག་གིས་མི་མང་ལ་གསལ་བཤད་བརྒྱབ་ཡོད་རེད།

དེ་བཞིན་ད་ཐེངས་ཚོགས་ཞུགས་པ་གཞོན་གཅེས་ཡོད་དོ་ཅོག་ཉིན་གཉིས་གསུམ་དང་ཟུར་ཚོགས་ཀྱིས་མ་འོངས་པར་གཞོན་སྐྱེས་ཚོ་རང་ངོས་ནས་བོད་སྤྱི་བའི་ཐོག་ལ་དགེ་ཕན་ལྡན་པའི་ནུས་པ་ག་ཚོད་ཡོང་ཐུབ་མིན་སྐོར་ལ་ཆེད་དུ་གྲོས་བསྡུར་བགྲོ་གླེང་བྱུང་འབྲས་སུ་བསྟན་འཛིན་ལྷ་མོ་དང་ཚེ་རིང་སྐྱིད་འཛོམས་སོགས་ཀྱིས་དང་བླངས་འགན་ཁུར་གནང་པའི་ཐོག་ནས་མ་འོངས་པ་ས་གནས་ཁག་གི་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་རིགས་གཞུང་དང་རྩ་དོན་སོགས་ཀྱི་ཐོགས་ཕན་འབྲས་ཡོད་པའི་ལས་གཞུ་རྩོམ་འཆར་ཡོད་སྐོར་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལགས་ཀྱི་འབྲེལ་བརྗོད་གནང་སོང་། དེ་བཞིན་ད་ཐེངས་ཨོ་སི་ཁྲི་ལི་ཡའི་མེལ་བྷོན་གྲོང་ཁྱེར་གྱི་ཉེས་འགྲམ་དུ་ཡོད་པའི་ཧིན་སུ་རུའི་ཁྲ་འགུ་བཀའ་རྒྱུད་ཆོས་ཚོགས་སུ་འཆོགས་པའི་ཨོ་གླིང་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་དེ་བདེ་ལེགས་ངང་མཇུག་གྲོལ་ཡོད་པ་རེད།

གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་སུ་ཁྲི་ལི་ཡའི་མེལ་བྷོན་བོད་ཚོགས་ཆེན་ཚོགས་ཡུལ་ནས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༨ ལ།།

ཁྱེད་ཀྱིས་གཟིགས་མེད་སྲིད།