གནས་སྐོར་འཁོད་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས།
ལོ་གཅིག་ལྷག་གི་རྗེས་སུ་ས་གནས་རྒྱ་གར་གཞུང་གིས་གནས་སྐོར་འཁོད་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཐོ་འགོད་བྱས་ཡོད་པ་དང་། ཉིན་དེར་རྒན་དར་གཞོན་གསུམ་མི་༢༠༠ ལྷག་ཐོ་འགོད་བྱེད་དུ་དྷ་ཤོད་ཀ་ཅ་རཱིའི་ཉེན་རྟོག་ལས་ཁུངས་སུ་བཅར་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༩ ཉིན་གནས་སྐོར་འཁོད་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་འགོ་ཚུགས་ཡོད་པ་དང་། རྐང་པ་ནད་པ་ཡིན་མཁན་བགྲེས་སོང་ཞིག་དང། དེ་མིན་གྱི་མི་མང་༢༠༠ ལྷག་ཞོགས་པ་ཆུ་ཚོད་༧ པ་ཙམ་ནས་འབྱོར་ཐོ་འགོད་དུ་སླེབས་འདུག འདི་ག་གསར་ཁང་ནས་ཐོ་འགོད་བྱེད་མཁན་བདེ་སྲུང་ལས་བྱེད་གཅིག་འདུག་པས་ཁོང་ལ་སྐྱབས་བཅོལ་ལག་དེབ་དུས་འགྱངས་སྐོར་སྐད་ཆ་དྲིས་དུས། ངས་འདིའི་སྐོར་གང་ཡང་ཤེས་ཀྱི་མེད། གལ་སྲིད་སྐད་ཆ་དྲི་དགོས་ཡོད་ན་དབུས་བདེ་སྲུང་ལས་ཁུངས་ལ་དྲི་རོགས་ཞེས་བརྗོད་སོང་།
ལག་དེབ་བཟོ་མཁན་གྲས་ཀྱི་སྐུ་ཞབས་བསྟན་འཛིན་གྲགས་པས་བརྗོད་དོན། སྐྱབས་བཅོལ་ལག་དེབ་འདི་བཟོ་བར་ལོ་དགུ་ཙམ་ཕྱིན་སོང་། བོད་གཞུང་བཀའ་ཤག་སྐབས་སྔོན་མ་དང་། སྤྱི་འཐུས་ལྷན་ཚོགས། ནང་སྲིད། དེ་བཞིན་བདེ་སྲུང་ལས་ཁུངས་བཅས་སུ་སྙན་ཞུ་རབས་དང་རིམ་པ་མང་པོ་ཕུལ་ཡོད་མོད། ལན་ཁ་གསལ་གང་ཡང་གནང་སོན་མ་བྱུང་། ༢༠༡༡ ལོར་སྐྱབས་བཅོལ་ལག་དེབ་བཟོས་ཟིན་ཡང་དུས་འགྱངས་ཐུབ་ཡོད་པ་མ་རེད། དཀའ་ངལ་འདི་ཚོ་འཕྲད་དགོས་དོན་གཙོ་བོ་དེ་བལ་ཡུལ་སྣེ་ལེན་ཁང་ལ་ཐུག་ཡོད་པ་རེད། དང་པོ་སྐྱབས་བཅོལ་ལ་ཡོང་སྐབས་སུ། ང་ཚོས་དབྱིན་སྐད་དང་རྒྱ་གར་སྐད་ཤེས་ཀྱི་ཡོད་པ་མ་རེད། སྣེ་ལེན་ཁང་ནས་འགན་ཡག་པོ་ཁུར་མ་ཐུབ་པའི་རྐྱེན་གྱིས་ད་ལྟ་བོད་མི་སྐྱབས་བཅོལ་བ་༦༠༠ ཙམ་ལ་དཀའ་ངལ་ཆེན་པོ་འདི་འཕྲད་པ་རེད། གནས་སྐོར་འཁོད་པའི་སློབ་ཕྲུག་མང་པོ་ཞིག་འདུག་ལ། སློབ་སྦྱོང་འཁོད་པའི་རྒན་རྒོན་ཁ་ཤས་ཀྱང་འདུག་ཅེས་བརྗོད་སོང།
གནས་སྐོར་གྱི་ལག་དེབ་ལོ་གཅིག་སྔོན་ནས་བཟོ་འཆར་ཡོད་པ་དེ་དེ་རིང་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། ཟླ་བ་གཉིས་དུས་འགྱངས་བྱས་ཡོད་པ་རེད། དེ་རྗེས་དུས་འགྱངས་བྱེད་ཀྱི་ཡོད་མེད་ད་ལྟའི་ཆར་ཁ་གསལ་གང་ཡང་བརྗོད་མི་འདུག
ཡང་དེའི་ནང་མི་གཅིག་གིས་ད་རེ་བ་ཆེན་པོ་མེད། ན་ནིང་ལག་དེབ་བཟོས་པ་དང་དུས་ཚོད་རྫོགས་པ་རེད། ད་ལོ་ཟླ་བ་གཉིས་གཅིག་པུ་ཕར་འགྱངས་བྱས་པ་རེད། ལག་དེབ་འདིའི་ཆེད་དུ་ང་ཚོས་དཀའ་ངལ་མང་པོ་མྱངས་ཟིན་པ་ཡིན། ཡོད་ཐག་མེད་ཐག་ཆོད་སོང་ན་བློ་བདེ་བ་འདུག་ཅེས་བརྗོད་སོང་།
ཁ་ཤས་ཀྱིས་ད་ནི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱས་ཟིན་པ་རེད། ད་སེམས་ཁྲལ་དགོས་པ་མ་རེད། རྒྱ་གར་གཞུང་གིས་ཁོང་ཚོར་དཀའ་ངལ་འདུག་བསམ་ནས་དགོངས་བཞེས་གནང་བ་རེད། སྐྱབས་བཅོལ་ལག་དེབ་སྔོན་མ་ཡོད་པ་ཚོ་དང་ཐོབ་ཐང་གཅིག་པ་རེད། དེ་མིན་དུས་འགྱངས་བྱེད་མི་སྲིད་པ་རེད་ཅེས་བརྗོད་མཁན་ཡང་འདུག །