དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་༣ པ།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་༣ པའི་ཐོག དབུ་མའི་ལམ་གྱི་སྲིད་བྱུས་འདི་ང་རང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད་པ། སྐལ་པ་བཟང་པོ་རེད་ཅེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་ཆུད་ཚོད་༩ ། ༡༠ ཡི་སྟེང་། དྷ་ས་མེག་གྷན་དུ་ཡོད་པའི་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་༣ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། འཚོགས་ཐོག་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས་པས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཁག་ནས་ཡོང་བའི་ཚོགས་བཅར་བ་སོགས་མཉམ་འཛོམས་ཀྱིས། མཛད་སྒོའི་ཐོག་མར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། སྐུ་ཚེ་མ་ཟིན་པའི་དབུ་མའི་ལམ་ལས་འགུལ་ཁང་གི་ས་གནས་འབྲེལ་མཐུད་པ་གཉིས་ཀྱི་ཆེད། སྐུ་མགྲོན་གཙོ་བོ་མཆོག་གིས་རྨོངས་སེལ་མར་མེའི་ཞལ་འབྱེད་གྲུབ་མཚམས། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་མྱ་ངན་ངག་བཅད་སྐར་མ་༡ རིང་ཞུས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་ཀྱི་རྩ་དོན་རྩོད་བྱེད་ཀྱི་ཐབས་ཁོ་ནར་༧གོང་ས་མཆོག་གིས་གཏན་འབེབས་གནང་བ་ཞིག་མིན་ཚུལ་དང་། སྲིད་བྱུས་འདི་ལག་བསྟར་བྱ་ཐུབ་ན་འཛམ་གླིང་སྤྱིའི་མི་མང་ལ་ཕན་ཐོགས་ཡོད་པར་བརྟེན། དེང་སང་འཛམ་གླིང་གི་ཤེས་ལྡན་མི་སྣ་ཕལ་ཆེ་བས་༧གོང་ས་མཆོག་ལ་ཆེ་མཐོང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ང་རང་ཚོའི་རྩ་དོན་རྩོད་བྱེད་ཀྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད་པ་སྐལ་པ་བཟང་པོ་ཡིན་སྐོར་དང་། ཡང་ཁོང་གིས་“ང་ཚོའི་མི་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རྒྱ་འབྲེལ་མོལ་དང་ཐད་ཀར་སྦྱར་ནས། བོད་རྒྱ་འབྲེལ་མོལ་ལམ་ལྷོང་ཡོང་གི་ཡོད་ན་དབུ་མའི་ལམ་གྱི་སྲིད་བྱུས་དེ་གལ་ཆེན་པོ་དང་། བོད་རྒྱ་འབྲེལ་མོལ་ལམ་ལྷོང་ཡོང་གི་མེད་ན་དབུ་མའི་ལམ་གྱི་སྲིད་བྱུས་གལ་ཆེན་པོ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་ང་ཚོས་སྔོན་མ་ནས་མང་པོ་ལབ་པ་ཡིོན། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་ལ་ཁ་ཡག་བཤད་ཆེད་དུ་གཏན་འབེབས་བྱས་པ་ཞིག་རྩ་བ་ནས་མ་རེད་ལ། བོད་རྒྱ་འབྲེལ་མོལ་ཡོང་ཆེད་དུ་གཏན་འབེབས་བྱས་པ་ཞིག་ཀྱང་མ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་གཞི་དངོས་པོའི་གནས་ལུགས་རྒྱ་ཆེན་པོ་ཞིག་གི་ཆེད་དུ་གཏན་འབེབས་བྱས་པ་ཞིག་རེད་མ་གཏོགས། འཕྲལ་སེལ་གྱི་ཆབ་སྲིད་ཀྱི་ཁེ་ཕན་གྱི་ཆེད་དུ་གཏན་འབེབས་བྱས་པ་ཞིག་མ་རེད། དེར་བརྟེན། མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ག་འདྲ་ཞིག་ཆགས་དང་མ་ཆགས། གང་ཆགས་པ་དེ་རྒྱུན་རིང་པོར་གནས་ཐུབ་དང་མི་ཐུབ། བོད་མིའི་རྩ་དོན་གྱི་ཁེ་ཕན་དེ་འགྲོ་བ་མི་སྤྱིའི་ཁེ་ཕན་དང་འབྲལ་དུ་མེད་པའི་འབྲེལ་བ་ཡོད་པ་ཞིག་དང་། དེ་ལྟར་འབྲེལ་བ་ཡོད་པའི་རྟེན་འབྱུང་གི་གནས་བབ་དེ། བློ་ངོ་ལ་བཞག་པའི་ཐོག་ནས་ང་ཚོས་ཐབས་ལམ་ཞིག་འཚོལ་དགོས་དུས། འཚེ་བ་མེད་པའི་གཉིས་ཕན་གྱི་ལམ་ཞིག་ལ་བརྟེན་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས”་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་ནས་མི་རིགས་གཞན་གྱི་རང་ལུས་མེར་བསྲེག་གི་ལས་འགུལ་དང་། རང་རེ་བོད་མིའི་རང་ལུས་མེར་བསྲེག་གི་ལས་འགུལ་གཉིས་ཀྱིས། རྒྱལ་སྤྱིའི་ཐོག་ལ་ནུས་པ་ཐོན་ཆེ་ཆུང་གི་ཐད་ནས་གསུང་དོན། “ཕྱི་ལོ་༢༠༠༩ ནས་བཟུང་སྟེ་ཕྱི་ལོ་༢༠༡༢ བར་གྱི་ང་ཚོའི་གནས་སྟངས་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། ང་ཚོའི་གནས་ཚུལ་དེ་མི་འདྲ་བ་ཞིག་ཆགས་ཡོད་རེད། དཔེར་མཚོན་ཙམ་ཞིག་ཞུས་ན། ༡༩༦༡ ཡས་མས་སུ་ཝེ་ཏི་ནམ་གྱི་དགེ་སློང་ཞིག་གིས་སྐུ་ལུས་མེར་བསྲེག་བཏང་བ་རེད། སྐབས་དེར་འཇིག་རྟེན་ཁྱོན་ཡོངས་ལ་སྐད་གྲགས་བྱུང་བ་རེད། ལོ་བཅུ་དྲུག་བཅུ་བདུན་ཕྱིན་པའི་ཝེ་ཏི་ནམ་གྱི་དམག་དེ་མཚམས་འཇོག་བྱས་དགོས་པའི་རྒྱུ་མཚན་དེ། མི་གཅིག་གིས་རང་ལུས་མེར་བསྲེག་བཏང་པ་ལ་བརྟེན་ནས་བྱུང་བ་རེད། ཉེ་བའི་ཆར་ལ་བལྟས་པ་ཡིན་ན། བྱང་ཨ་ཧྥུ་རི་ཀའི་ཤིང་ཐོག་བཙོང་མཁན་ཞིག་གིས་རང་ལུས་མེར་བསྲེག་བཏང་པ་ལ་བརྟེན་ནས། ལུང་པ་དེས་མཚོན་པའི་ས་ཆ་མང་པོ་ཞིག་ལ་རླབས་ཆེན་གྱི་གསར་བརྗེ་དང་འགྱུར་བ་བྱུང་ཡོད་རེད། གནས་ཚུལ་དེ་ཚོ་ལ་འགྲོ་བ་མི་ཚང་མས་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། གནས་ཚུལ་དེ་ཚོ་དང་ང་ཚོ་བོད་པའི་གནས་སྟངས་གཉིས་མཚུངས་བསྡུར་ཞིག་བྱས་པ་ཡིན་ན། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་ཁྲོད་ནས་རང་ལུས་མེར་བསྲེག་གཏོང་མཁན་༣༠ བརྒལ་ཚར་བ་རེད། ཡིན་ན་ཡང་དེའི་དབང་གིས་འཛམ་གླིང་ཁྱོན་ཡོངས་དང་། རྒྱ་གཞུང་གི་དབང་འཛིན་པ་ཚོར་སྒུལ་ཤུགས་ཐེབས་རྒྱུ་ཞིག་ཡོང་ཐུབ་ཀྱི་མི་འདུག་པ། མིའི་སྲོག་ཡིན་པ་གཅིག་པ་རེད། ཡིན་ན་ཡང་ཁ་ཤས་ལ་སྒུལ་ཤུགས་ཐེབས་པ་དང་། ཁ་ཤས་ཤིག་ལ་སྒུལ་ཤུགས་ཐེབས་ཀྱི་མེད་པ་དེ། ག་རེ་བྱས་ནས་ཡོང་གི་ཡོད་རེད། དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབས་ཤིག་གི་ཐོག་ནས་ཡོང་གི་ཡོད་རེད”་ཅེས་གསུངས་སོང་།
སྐུ་མགྲོན་གཙོ་བོས་གསུང་བཤད་གནང་ཚར་རྗེས་ཚོགས་བཅར་བ་ཚོར་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་སོང་།
དེ་རྗེས་ཚོགས་པ་དེའི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཚོགས་པའི་ལས་བསྡོམས་སྒྲོགས་སྦྱང་བྱས་ཡོད་པ་དང་།
ཚོགས་ཆེན་འདི་ཉིན་༥ རིང་འཚོགས་ཏེ་བོད་ནང་བྱུང་བའི་རང་ལུས་མེར་བསྲེག་གི་ཐད་རྒྱ་ནག་མི་མང་དང་ཤེས་ཡོན་ཅན་ཚོས་བལྟ་སྟངས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིས་བལྟ་སྟངས་བཅས་ཀྱི་ཐད་ལ་ཟབ་སྦྱོང་དང་། བགྲོ་གླེང་བྱས་ཏེ་འཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་རྒྱུན་ལས་གསར་འདེམས་བྱ་རྒྱུ་རེད་འདུག
ཚོགས་པ་འདིར་ད་ལྟའི་ཆར་རྒྱུན་ལས་༡༡ དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ས་གནས་ཡན་ལག་ཁག་༡༨ ཐོ་འགོད་ཡོད་པའི་ཚོགས་མི་གྲངས་༡༦༠༠༠ ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།།