ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་བགྲོ་གླེང་།

གདན་སའི་གྲྭ་ཚང་ཁག་གི་མཁས་དབང་སུམ་ཅུ་ཙམ་གྱིས། ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་བགྲོ་གླེང་ཞིག འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་བའི་ཐོག་ཁང་དུ་འཚོག་བཞིན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༨ ༣༠ ཐོག་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་བའི་ཐོག་ཁང་དུ། ནང་པའི་གཞུང་ནས་བཤད་པའི་གཞིའི་དངོས་པོའི་གནས་ཚུལ་ལམ་ཚན་རིག་དང་། ནང་པའི་གཞུང་ནས་བཤདཔའི་ལྟ་གྲུབ་ཀུན་བཏུས་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་ཞིབ་བགྲོ་གླེང་ཞིག་འཚོགས་ཡོད་པ་དང་།   བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོ་འབྲས་སྤུངས་ཁྲི་པ་བློ་བཟང་བསྟན་པ་ལགས་དང་འབྲས་བློ་གླིང་རྒན་ཕ་ར་དབང་ཆེན་ལགས།   གཞན་ཡང་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་ལགས། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་གཙོས་པའི་གདན་སའི་གྲྭ་ཚང་ཁག་གི་མཁས་དབང་སུམ་ཅུ་ཙམ་བགྲོ་གླེང་ཐོག་ཆེད་ཕེབས་གནང་འདུག

ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་དཔྱད་ཞིབ་སྡེ་ཚན་དེའི་འགན་ཁུར་བ་ཁྲོམ་ཐོག་རིན་པོ་ཆེ་ལ། ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་ཕྱག་དེབ་དེ་འདྲ་ཞིག་འབྲི་དགོས་པའི་དགོས་པ་དང་།  དེའི་དམིགས་ཡུལ་གང་ཡིན་བཅས་ཀྱིས་སྐོར་ལ་བཀའ་འདྲི་ཞུས་པར།

ཁོང་གིས་ཐོག་མར་ཕྱི་ལོ་༢༠༡༠ ལོར་༧རྒྱལ་བ་རིན་པོ་ཆེས་དྷ་སྟེང་བོད་ཁྱིམ་དུ་མཐོ་རིམ་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་སྐབས་སུ།   ༧རྒྱལ་བ་རིན་པོ་ཆེས་ག་རེ་གསུང་ཡོད་རེད་ལབ་ན།  ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་། ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ་གཉིས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་རིན་པོ་ཆེ་འདི། ད་ལྟ་བར་དུ་མ་ཉམས་པར་བདག་ཅག་གི་སྟོན་པས་གསུང་དང་རྒྱབ་བརྟེན་མགོན་པོ་ཀླུ་གྲུབ་ཀྱིས་གཙོས་པའི། པཎ་གྲུབ་རྣམ་པ་ཚོའི་གསུང་བཞག་པ་ཇིི་མ་ཇི་བཞིན་སློབ་གཉེར་ཞེ་དྲག་གནང་ཡོད་པ་རེད།  དེ་འདྲའི་ཐོག་ནས་དེང་སང་འཛམ་བུ་གླིང་འདིའི་ས་སྒང་ནང་པའི་གཞུང་ནས་བཤད་པའི་ཚན་རིག་གི་ལྟ་གྲུབ་དེར། ནང་པ་ཡིན་མིན་ཐམས་ཅད་ཀྱིས་སློབ་སྦྱོང་བྱེད་ཆོགས་པ་ཞིག་དང་།  ཤེས་ཡོན་གྱི་ཐོག་ནས་ཁོ་རང་ཚོར་བསླབ་ཐུབ་པ་ཞིག་བྱུང་བ་ཡིན་ན་ཧ་ཅང་དགེ་མཚན་ཆེན་པོ་རེད་ཅེས་གསུངས་ཏེ།  དེ་ཚོའི་གྲ་སྒྲིག་དེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོས་བྱོས་ཤོག་ཅེས་བཀའ་གནང་བ་གཞིར་བཟུང་གིས། ༧སྐྱབས་མགོན་རིན་པོ་ཆེའི་གསུང་བསྒྱུར་དགེ་བཤེས་དགྲ་འདུལ་ལགས། ངེད་གཉིས་ཀྱིས་དེར་ས་བཅད་མདོར་བསྡུས་ཤིག་བཟོས་པ་རེད།   ས་བཅད་དེར་༧སྐུ་མདུན་གྱིས་གཟིགས་ཞིབ་གནང་ནས་བཅོས་བསྒྱུར་གང་དགོས་པ་ཚང་མ་གནང་བའི་རྗེས་སུ། སེ་རར་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་ཐོག ༧སྐུ་མདུན་ཆིབས་བསྒྱུར་གནང་སྐབས་གདན་སའི་གྲྭ་ཚང་ཁག་ནས། ཕྱག་དཔེ་ཡག་པོ་ཡོད་མཁན་མཁས་དབང་བདུན་ཅུ་ཙམ་གདན་འདྲེན་གྱིས། ང་ཚོ་མཉམ་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་བཅར་བ་རེད། དེ་ཚོའི་ཐོག་ལ་སྐུ་མདུན་གྱིས་མང་ཚོགས་ཀྱི་གོ་རྟོགས་འཕེལ་བའི་ཆེད་དུ། ང་ཚོའི་སྤྱི་ཚོགས་ཀྱི་ཞབས་ཞུ་ངེས་པར་དུ་སྒྲུབ་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་རེད།   དེའི་ཐོག་ལ་ང་ཚོས་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ་གཉིས་ཀྱི་ཐོག་ནས། ས་བཅད་ཉི་ཤུ་རྩ་བདུན་བརྒྱད་ཞིག་བཟོས་ནས་དེ་མཁས་དབང་གཉིས་རེ་གཉིས་རེ་ལ་དཔྱད་ཞིབ་ཆེད་དུ་ཕུལ་ནས་ས་བཅད་གཞིར་བཟུང་གིས་རྩོམ་འབྲི་གནང་རོགས་ཞེས་ལབ་པ་རེད།   དེ་ཡང་སངས་རྒྱས་ཀྱི་གསུང་དང་རྒྱབ་རྟེན་པཎ་གྲུབ་ཀྱི་གསུང་མ་གཏོགས།  བོད་ཀྱི་མཁས་པའི་ཞལ་ལུང་དེ་ཚོ་རྩ་བ་ནས་དེའི་ནང་བཀོད་ཡོད་པ་མ་རེད།   དེ་ལྟར་བྱས་ནས་ཟླ་བ་བཞིའི་རྗེས་སུ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ་ཡིན།   དེའི་ཐོག་ལ་མཁས་དབང་བདུན་ཅུའི་རྩོམ་འབྲི་གནང་བཞག་པ་དེ་ཚོ་རོབ་ཙམ་ཕྱོགས་བསྒྲིགས་གནང་ནས་གྲུབ་འབྲས་ཡག་པོ་ཞེ་དྲག་བྱུང་ཡོད་པ་རེད།

དེ་ཡང་ད་ནང་ཞོགས་པ་མཁས་དབང་མང་པོ་ཞིག་གིས་ཡག་པོ་ཞེ་དྲག་བྱུང་འདུག  དེའི་གྲུབ་འབྲས་ཡག་པོ་ཡོང་ས་རེད།   མ་འོངས་པར་ནང་པ་ཡིན་མིན་ཚང་མ་ལ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་གིས། ཕན་ཐོག་ཡག་པོ་ཞེ་དྲག་ཡོང་ས་རེད་ཅེས་དམིགས་བསལ་ཀྱི་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བཀའ་སློབ་གནང་གི་འདུག   དེ་འདྲ་ཡིན་དུས་ཉིན་གསུམ་གྱི་རིང་ལ་དཔྱད་ཞིབ་གནང་བཞག་པ་དེ་ཚོ་འགྲིག་པ་དང་། མ་འགྲིག་པ་ག་རེ་ཡོད་མེད་སྐོར་ལ་བརྟག་དཔྱད་ཞིབ་མཇུག་གནང་བའི་རྗེས་སུ་། དམིགས་བསལ་གྱི་ཕྱོགས་སྒྲིགས་བྱས་ནས་༧སྐུ་མདུན་ལ་དཔྱད་ཞིབ་ཕུལ་པའི་རྗེས་སུ་དཔར་བསྐྲུན་བྱེད་འཆར་ཡོད་ཅེས་དང་།

གཞན་ཡང་ཁོང་ལ་ཕྱག་དཔེ་དེ་གཉིས་བོད་ཡིག་གཅིག་པོ་མ་གཏོགས། གཞན་དབྱིན་ཡིག་སོགས་ཀྱི་ཐོག་བསྒྱུར་འཆར་ཡོད་མེད་སྐོར་ལ་དྲིས་པར།  དེ་ཡོད་ཡོད་པ་རེད་དབྱིན་ཡིག་ཐོག་ད་ལྟ་ནས་སྒྱུར་བཞིན་ཡོད་ཅེས་སོགས་གསུངས་སོང་།

དེ་ཡང་བགྲོ་གླེང་གནང་གཞི་གཙོ་བོ་གཟུགས་སོགས་དོན་ལྔ།  འབྱུང་བ་འབྱུང་འགྱུར།  ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ།   མུ་སྟེགས་པས་འདོད་པའི་རྟག་པའི་རྡུལ།   མངོན་པ་གོང་འོག་ནས་བཤད་པའི་གཟུགས་ཕྲ་རགས།   དབུ་མའི་གཞུང་ནས་བཤད་པའི་གཟུགས་ཕྲ་རགས། དུས་འཁོར་ནས་བཤད་པའི་མཁའི་རྡུལ།  ཕྱི་རོལ་པ་རྣམས་ཀྱིས་གང་ཟག་འཇོག་ཚུལ།  ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་གང་ཟག་འཇོག་ཚུལ།  གང་ཟག་བདག་མེད་ཕྲ་རགས།  སེམས་ཙམ་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད།  དབུ་མ་རང་རྒྱུད་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད།  དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཆོས་ཀྱི་བདག་མེད།  སྐྱེ་བ་སྔ་ཕྱི་དང་མངལ་དུ་ཞུགས་ཚུལ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་རེད་འདུག

མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།