བུད་མེད་ཚོགས་པའི་ཧིན་སྒོར་འབུམ་གཉིས་ཀྱི་རྙོག་གྲ།
དེ་རིང་བོད་ཀྱི་བུད་མེད་ཚོགས་པས་དངུལ་གྱི་རྙོག་གྲ་དེའི་སྐོར་ལ་གསལ་བཤད་ཡིག་ཆ་ཞིག་སྤེལ་སོང་། ཚོགས་གཙོས་ས་རྟགས་རྫུན་མ་བཟོས་ནས། ཧིན་སྒོར་འབུམ་གཉིས་དེ་རྒྱ་གར་རྡོ་རྗེ་གླིང་བཏང་འདུག་ཅེས་འཁོད་འདུག
བུད་མེད་ཚོགས་པར་འདི་ག་གསར་ཁང་ནས་ཟླ་འདིའི་ཚེས་༡༢ ཉིན་བཅར་འདྲི་བྱས་ཀྱང་། ལན་འདེབས་གསལ་པོ་མ་གནང་བ་དང་། དེ་བཞིན་ཚོགས་གཙོ་ཀིརྟི་སྒྲོལ་སྐོར་ལྷ་མོར་ཡང་བཅར་འདྲི་བྱས་ཀྱང་། ཕྱི་ལོག་ཏུ་སྐད་ཆ་གང་ཡང་བཤད་རྒྱུ་མེད་ཟེར།
འོན་ཀྱང་ཟླ་འདིའི་ཚེས་༡༦ ཉིན་བུད་མེད་ཚོགས་པའི་གསལ་བཤད་ཡིག་ཆ་ཞིག་དང་། དངུལ་དེ་དངུལ་ཁང་ནས་འདོན་སྟངས་ཀྱི་ཡིག་ཆ་ས་རྟགས་ཚང་མ་འཁོད་པ་ཞིག་སྤེལ་འདུག་ལ། དེ་བཞིན་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོར་ཡང་དེའི་ཐོག་དགོངས་ཚུལ་གང་ཡོད་བཅར་འདྲི་བྱས་པ་ཡིན།
གསལ་བཤད་ཡིག་ཆ་དེའི་ནང་འཁོད་དོན། ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནང་སྤྱི་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་ཞིག་ལས་འཕྲོས་ཏེ་སྤྱི་ཚོགས་ནང་གླེང་སློང་མང་དག་ཞིག་བྱུང་ཡོད་པར་འདི་ག་སྐབས་དགུ་པའི་དབུས་རྒྱུན་ལས་ཁང་ནས་སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དང་ཐག་གཅོད་ཇི་ལྟར་བྱུང་ཡོད་མེད་འཁྱོག་བཤད་ཅི་ཡང་མེད་པར་དྲང་བདེན་གཞུང་དྲང་གྱིས་གསལ་བསྒྲགས་མ་བྱེད་ཐབས་མེད་སོང་བར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་(Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས་རྗེས་འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་དྲིས་ཀྱང་དངུལ་འཛིན་བེད་སྤྱོད་བྱས་མེད་པའི་ལན་འདེབས་བྱས་ཡོད། དེ་རྗེས་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་མེག་གྷན་ཨེས་བི་ཨེའི་དངུལ་ཁང་ལ་རྩད་གཅོད་བྱ་རྒྱུར་རེ་སྐུལ་ཞུས་པ་བཞིན། དངུལ་འཛིན་དེ་ནས་ཧིན་སྒོར་འབུམ་གཉིས་ལྡི་ལི་མཐོ་སློབ་ཨེས་བི་ཨེའི་དངུལ་ཁང་ནས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཟེར་བ་ཞིག་གི་མིང་ཐོག་ཏུ་བཏང་བ་ཤེས་རྟོགས་བྱུང་ཡོད། དེ་རྗེས་དྲུང་ཆེ་དང་རྩིས་པ་གཉིས་ཀྱི་རེ་སྐུལ་ཞུས་པ་ལྟར། མེག་གྷན་ཨེས་བི་ཨེའི་དངུལ་ཁང་འགན་འཛིན་གཞོན་པས་ལྡི་ལི་མཐོ་སློབ་དངུལ་ཁང་འགན་འཛིན་ལ་འབྲེལ་བ་ཞུས་ཏེ། དངུལ་དེ་དག་ཇི་ལྟར་བཏང་ཡོད་མེད་དང་གཏོང་མཁན་སུ་ཡིན་མིན་སོགས་དང་འབྲེལ་བའི་(cheque deposit slip and cheque )ཞིག་གློག་འཕྲིན་བརྒྱུད་མེགྷན་དངུལ་ཁང་ཨེས་བི་ཨེའི་འགན་འཛིན་ལ་ཆ་ཚང་ཞིག་བསྐུར་གནང་ཡོད་པས། དེ་དག་ལས་ཨེས་བྷི་ཨེ་དངུལ་ཁང་ལག་དེབ་ཨང་༡༠༢༡༩༨༡༦༤༢༧ ནས་དངུལ་འཛིན་ཨང་གྲངས་ ༦༡༦༤༤༢ འཁོད་པའི་དངུལ་འཛིན་ (cheque ) དེའི་ཐོག་དྲུང་ཆེ་དང་ཚོགས་གཞོན་གྱི་ས་རྟགས་འཁོད་ཡོད་པ་ཤེས་རྟོགས་བྱུང་ཡོད། (དངུལ་འཛིན་ནང་ཚོགས་གཞོན་གྱི་ས་ཡིག་འཁོད་དོན་ནི་དེ་སྔོན་དྲུང་ཆེ་མ་གཏོགས་རྒྱུན་ལས་དང་ལས་བྱེད་ཚང་མ་དུས་དབང་ ཞུ་བར་ (༣༢) འགྲོ་གཏན་འཁེལ་བར་བརྟེན། སྐབས་འཕྲལ་དངུལ་ཁང་ནས་དངུལ་བཏོན་དགོས་ཚེ་ངེས་པར་རྒྱུན་ལས་གཉིས་ཀྱི་ས་རྟགས་དགོས་པས་ཚོགས་གཞོན་གྱིས་དངུལ་འཛིན་སྟེང་དུ་ཁོ་མོའི་ས་རྟགས་རྒྱབ་ཡོད། འོན་ཀྱང་དུས་དབང་རིང་དངུལ་འཛིན་བེད་སྤྱོད་བྱ་དགོས་བྱུང་མེད། ) དྲུང་ཆེ་རང་ཉིད་ནས་དངུལ་འཛིན་དེའི་སྟེང་ས་རྟགས་རྒྱབ་མེད་ཙང་རྒྱུན་ལས་ནང་ཁུལ་དུ་དོགས་ཆར་བྱུང་སྟེ། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སླར་ཡང་དྲུང་ཆེ་དང་རྩིས་པ་གཉིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཆེད་གསང་བའི་ཐོག་མེག་གྷན་ཨེས་བྷི་ཨའེ་དངུལ་ཁང་དུ་བསྐྱོད་རྗེས་གནས་ཚུལ་དེ་ཚོགས་གཙོས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་བརྒྱུད་ཁོ་མོའི་ཁྱོ་གར་བསྐུར་ཡོད་པའི་དཔང་རྟགས་ར་སྤྲོད་ཁུངས་བཙན་རགས་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༤ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོང་མེད་པས། རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། འོན་ཀྱང་ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། འོན་ཀྱང་ཕྱི་ཟླ་ ༤ ཕྱི་ཚེས་ ༤ ཉིན་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་རྒྱུན་ལས་ཚང་འཛོམས་སར་ཚོགས་གཙོས་དཔང་རྟགས་གཞིར་བཞག་ན་དོན་རྐྱེན་དེ་བརྒྱ་ཆ་ ༩༠ ཙམ་ཚོགས་གཙོ་རང་ཉིད་ཀྱི་ཐོག་བབས་ཚུལ་གསུངས་ཏེ། ཁོང་མོར་ནག་ཉེས་མེད་ཀྱང་ཚོགས་པའི་ཆེ་མཐོང་ཆེད་གནས་སྐབས་རིང་ཁས་ལེན་བྱ་རྒྱུའི་རྣམ་འགྱུར་སྟོན་ཀྱང་རྒྱུན་ལས་ཚང་མས་ཁས་ལེན་བྱས་མེད་པ་མ་ཟད་དེའི་རྗེས་རྩིས་པ་དང་དྲུང་ཆེ། ཚོགས་གཞོན་གསུམ་མེག་གྷན་ཨེས་བྷི་ཨེའི་(SBI)དངུལ་ཁང་དུ་བསྐྱོད་ཁར་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དོན་རྐྱེན་དེ་ལས་གཡོལ་ཐབས་མེད་པ་ཤེས་ཏེ་དེ་སྔོན་ཚོགས་གཞོན་གྱི་ས་ཡིག་འཁོད་པའི་དངུལ་འཛིན་ཞིག་ལྐོག་ཏུ་ཉར་ཏེ་དྲུང་ཆེའི་ས་རྟགས་རྫུས་མ་རྒྱབ་ནས་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྡི་ལི་མཐོ་སློབ་ཨེས་བྷི་ཨེའི་དངུལ་ཁང་བརྒྱུད་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་ཁོ་མོའི་ཁྱིམ་མཚེས་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་ལ་བསྐུར་བ་ངོས་ལེན་གཙང་མ་བྱས་ཡོད་པས། སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དེ་དག་ལ་བརྟེན་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ད་ལྟའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང། རང་སྐྱོན་ངོས་ལེན་ཞུ་ཡིག་འབྲི་དགོས་པ། ཧིན་སྒོར་འབུམ་གཉིས་ལས་ཁུངས་ལ་ཕྱིར་ལོག་དགོས་པ་བཅས་གཏན་འབེབས་བྱུང་བ་བཞིན། ཁོ་མོས་ཀྱང་དེ་ལྟར་ཁས་ལེན་བྱུང་བ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ་ཞེས་འཁོད་འདུག
འདི་གའི་གསར་འགོད་པས། ཚོགས་གཙོ་ཀིརྟི་སྒྲོལ་སྐོར་ལྷ་མོར་བཅར་འདྲི་བྱས་པར། ཁོང་གིས། ངས་ད་ལྟའི་བར་སྤྱི་ཚོགས་ནང་མི་ལོ་ཉི་ཤུའི་རིང་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་པ་ཡིན་ལ། དེ་ཚང་མས་མཁྱེན་གསལ། ལྷད་གཅིག་ཀྱང་མེད། ད་ལྟའི་གནས་ཚུལ་དེ་ཚོགས་པའི་དངུལ་ཟ་རྒྱུའི་ཀུན་སློང་ངན་པ་ཞིག་གི་ཐོག་བྱས་པ་རྩ་ནས་མིན་ལ། རྒྱུན་ལས་ཀྱིས་ཤེས་ཀྱི་ཡོད་པ་རེད། ལས་ཀ་མང་དྲགས་པ་དང་། དཀའ་ངལ་ཆེན་པོ་གཅིག་དེ་ངའི་བུས་གྲོགས་པོ་སྐྱོབ་ཆེད་དུ་རྒྱག་རེས་བརྒྱབ་འདུག དེ་ལ་བརྟེན་བུ་ཚེ་བཙོན་ཆགས་ཀྱི་རེད་ཅེས་བརྗོད་པ་རེད། ང་ལ་ཐབས་ཤེས་མི་འདུག སྔོན་ལ་ལས་ཁུངས་ཀྱི་དངུལ་དེ་བེད་སྤྱོད་བཏང་ནས། མགྱོགས་པོ་ཕར་སློག་དགོས་བསམ་པ་རེད་ལ། རྗེས་སུ་དངུལ་ལག་པར་རག་པ་རེད་མོད། ཕར་མ་ལབ་སྔོན་ནས་རྒྱུན་ལས་ཀྱིས་ཤེས་རྟོགས་བྱུང་འདུག དུས་ཚོད་ཐུང་ཐུང་རེད། ཕྱི་ལོག་ཏུ་མ་བཤད་སྔོན་ནས་གོ་སྐབས་སྤྲོད་རྒྱུ་ཡིན་ལབ་པ་རེད་མོད། ཕྱི་ལོག་ཏུ་དེའི་སྔོན་ནས་གྲགས་ཟིན་འདུག རྒྱུན་ལས་ནས་བཙོན་ཁང་དུ་བཅུག་རྒྱུ་ཡིན། སྐོར་སྲུང་བར་བཤད་རྒྱུ་ཡིན་ཟེར་ནས་བཤད་པ་རེད། དེ་འདྲ་ག་རེ་བྱས་པ་ཡིན་བསམ་བསམ་བྱུང་སོང་། ལོ་ཉི་ཤུའི་རིང་ལ་ཞབས་ཕྱི་ཞུས་པ་ཡིན། ཟ་སེམས་ཁྱོན་ནས་མེད། གནད་དོན་ཛ་དྲག་པོ་དང་བར་ཆད་བྱུང་བ་རེད། རྒྱུན་ལས་དང་ཚོགས་ཆེན་ལ་ནོར་བ་དེ་ནོར་བ་རང་རེད་ཅེས་དགོངས་སེལ་ཞུས་པ་ཡིན། གསར་འགོད་གསལ་བསྒྲགས་མ་དགོས་བྱུང་ན་ཡག་པོ་འདུག་ཞེས་པ་ཡིན། ཕྱི་ལོག་ཏུ་ཁྱབ་བཅུག་མཁན་ང་མིན། གསལ་བསྒྲགས་དེས་ཚོགས་པར་ཕན་གནོད་ག་རེ་བྱུང་ཡང་ང་ལ་འགན་མེད། སོ་སོའི་ངོས་ནས་དངུལ་དེ་ཟ་སེམས་མེད་མོད། ལས་ཀ་མང་དྲགས། ཡར་མར་ལ་འགྲོ་དགོས་པ་མང་པོ་བྱུང་ནས། གནས་ཚུལ་དེ་འདྲ་ཆགས་པ་རེད། ནོར་བ་དེ་ངོས་ལེན་ཡོད་ཅེས་འགྲེལ་བརྗོད་བྱས་སོང་།
ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ད་ལྟ་དྷ་ས་སྨན་རྩིས་ཁང་དུ་ཉལ་འདུག་ལ། ཁོང་སྔོན་མ་ནས་མང་པོ་ན་ཡི་ཡོད་ཀྱང་། སྨན་ཁང་དུ་བསྟེན་གཏུག་ཐུབ་མ་སོང་། ཉེ་ཆར་རྐང་པའི་ཐོག་ཏུ་ཆུ་ཚོ་བོ་ཤོར་བ་དང་། དེ་རྗེས་བརྡབ་སྐྱོན་བྱུང་ནས། སྐེད་པར་སྐྱོན་བརྒྱབ་པར་བརྟེན། སྨན་ཁང་དུ་ཡོད་ཅེས་འགྲེལ་བརྗོད་གནང་སོང་།།