མི་རབས་གསུམ་པའི་གཞོན་སྐྱེས་ཚོར་སྐུལ་འདེད་བྱེད་པ་ཡིན།
ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས་ཡིན་པའི་སྦག་སྦག་གམ་འཕྲུལ་རྟ་རྒྱང་བསྐྱོད་བྱས་ཏེ། བོད་དོན་ལས་འགུལ་སྤེལ་མཁན་རྣམས་སྦེལ་ཀོབ་ས་གནས་སུ་འབྱོར་ཡོད་པ་རེད།
ས་གནས་ནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། ལུགས་ཟུང་བསམ་འགྲུབ་གླིང་གི་ས་གནས་འགོ་འཛིན་དངོས་གྲུབ་ཚེ་དབང་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་། དེ་བཞིན་མཉམ་འབྲེལ་སོགས་ཚོགས་པ་སྡེ་ཁག་བཅས་ས་གནས་མི་མང་ ༣༠༠ ཉེ་བས་དགའ་བསུའི་སྣེ་ལེན་བྱས་སོང་།
འཕྲུལ་རྟ་རྒྱང་བསྐྱོད་པ་མི་བཅུ་དྲུག་ལས་མང་ཆེ་བ་ནི་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་གི་འཐུས་མི་ཟུར་པ་དང་། སློབ་གྲྭའི་དགེ་རྒན་སོགས་གནད་ཡོད་མི་སྣ་ཁོ་ན་ཡིན་པ་དང་། གཞན་རང་ལོ་ ༤༧ ཡིན་པའི་དགྲ་བླ་ཚེ་རིང་ཟེར་བ་ནི་ཐོག་མ་སྐྱེས་དུས་ནས་ངག་ལྐུགས་པ་དང་། རྣ་བ་འོན་པ་ཞིག་ཡིན་ནའང་། ས་གནས་སུ་བོད་དོན་དང་འབྲེལ་བའི་ལས་འགུལ་གང་ཡོད་ཚང་མར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཐེངས་འདིའི་འཕྲུལ་རྟ་རྒྱང་བསྐྱོད་ཀྱི་ལས་འགུལ་ཁྲོད་རྒྱག་རང་ཁུར་ཀྱིས་མཉམ་ཞུག་བྱས་ཡོད་འདུག
ལས་འགུལ་བ་དེ་དག་ལ་ས་གནས་ནས་ཞལ་འདེབས་ཕུལ་མཁན་ཡང་འགའ་རེ་བྱུང་འདུག་པ་ཚང་མ་ཕྱིར་སློག་བྱས་ནས། ལས་འགུལ་འདི་ལ་མི་མང་གི་ཞལ་འདེབས་ལེན་གྱི་མེད་ཅེས་བརྗོད་ཡོད་པ་དང་། ཁོང་ཚོས་རེ་སྐུལ་ཆེ་ཤོས་ནི་རྒྱ་གར་ན་ཡོད་པའི་མི་རབས་གསུམ་པའི་གཞོན་སྐྱེས་ཚོ་དང་བླངས་ཀྱིས་བོད་དོན་ལས་འགུལ་སྤེལ་བར་སྐུལ་འདེད་བྱེད་ཐུབ་པ་དང་། བོད་ནང་ནས་རྒྱ་གར་ན་ཡོད་པའི་གཞོན་སྐྱེས་ཚོ་ཡང་རང་གར་བསྡད་མི་འདུག་སྙམ་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་འདུག མེ་སོར་གསར་འགོད་པས།