དམིགས་བསལ་ཚོགས་ཆེན་གྱི་ཚོགས་དུས་གཏན་ཁེལ།

ཟླ་འདིའི་ཚེས་༡༦ ཉིན་བཀའ་སྤྱི་གཉིས་ནས་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། དམིགས་བསལ་ཚོགས་ཆེན་དེ་འདི་ལི་ཕྱི་ཟླ་༩ ཚེས་༢༥ ནས་ཉིན་བཞིའི་རིང་འཚོག་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་གསལ་བསྒྲགས་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཕེབས་ཏེ། དམིགས་བསལ་ཚོགས་ཆེན་ཐོག་བཀའ་སྤྱི་གཉིས་ཀྱི་སྤྱི་སྨན་ལམ་སྟོན་ཞི་བ་དང༌། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་ནས་བོད་མིའི་སྤྱི་ཚོགས་ནང་དང༌། ཉིན་གཉིས་པའི་སྔ་དྲོར་རྒྱལ་སྤྱིའི་ནང༌། དེའི་ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨི་ཤེ་ཡའི་ནང་བཅས་སུ་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་ཞེས་གསུངས་སོང་།

དྭངས་བླངས་ཐོག་འཛུལ་ཞུགས་ཆེད་སྙན་ཞུ་འབྱོར་མཁན་ཚོ་རྒྱན་ཤོག་དཀྲུག་ཏེ་འདེམས་སྒྲིག་བྱེད་རྒྱུ་ཡིན་པ་དང་། དེབ་སྐྱེལ་གྱི་དུས་ཚེས་ད་དུང་གཏན་ཁེལ་མེད་པ་དང་། ཚོགས་ཆེན་ཐོག་བསྡོམས་པའི་ལྔ་བརྒྱ་ཙམ་འཛུལ་ཞུགས་བྱེད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། སྔོན་མ་ལས་གཞུང་གི་ཁོངས་གཏོགས་ནས་འཛུལ་ཞུགས་བྱེད་མཁན་ཉུང་དུ་བཏང་ཡོད། སྔོན་མ་གཞུང་གི་དྲུང་གཞོནཡན་ཚང་མ་དང་། ཟུང་དྲུང་མན་གྱི་སྡེ་ཚན་ཁག་ནས་སྐུ་ཚབ་གཉིས་རེ་འདུག ད་ཐེངས་དྲུང་གཞོན་མེད་པ་དང་། ཟུང་དྲུང་མན་གྱི་སྡེ་ཚན་ནས་ལས་བྱེད་སྐུ་ཚབ་གཅིག་རེ་རེད། སྔོན་དང་བསྡུར་ན་གཞུང་གི་ཕྱོགས་གཏོགས་ཉུང་དུ་བཏང་ཡོད་ཅེས་བཀའ་ཁྲི་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

སྔོན་མའི་ཚོགས་ཆེན་སྐབས་བསམ་ཚུལ་ཕྱོགས་བསྡོམས་གྲོས་ཆོད་དེ་ལག་བསྟར་བྱེད་ཐུབ་ཀྱི་མེད་པའི་བསམ་ཚུལ་ཡོད་པས། སྔོན་དང་མ་འདྲ་བའི་གྲོས་ཆོད་ལག་བསྟར་བྱེད་ཕྱོགས་ལ་གྲ་སྒྲིག་ག་རེ་ཡོད་ཅེས་དྲིས་པར། བཀའ་ཁྲི་མཆོག་གིས། གྲོས་གཞི་དེ་བོད་ནང་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདུང་ལེན་བྱེད་ཕྱོགས་ག་རེ་འདུག་བལྟ་རྒྱུ་དེ་རེད། མི་མང་གིས་གནང་དགོས་པ་དང་གཞུང་གི་གནང་དགོས་པ་ཡོད་པ་རེད། ཁ་ཤས་ཀྱིས་ང་དམིགས་བསལ་ཚོགས་ཆེན་ལ་བཅར་བ་ཡིན། ངའི་བསམ་ཚུལ་ལག་བསྟར་བྱས་མ་སོང་ཟེར་ན་འགྲིག་གི་མ་རེད། བསམ་ཚུལ་ཚང་མ་བསྡུས་རྗེས། ལས་དོན་དངོས་གནས་བྱེད་དགོས་པ་ཡོད་ན། གཞུང་གིས་གནང་དགོས་པ་དེ་གཞུང་གིས་གནང། མི་མང་གིས་གནང་དགོས་པ་དེ་མི་མང་གིས་གནང་གི་རེད། ཚོགས་འདུ་དེ་ལས་དོན་རིང་ཐོག་བྱེད་རྒྱུའི་ཆེད་དུ་རེད་ཅེས་འགྲེལ་བརྗོད་གནང་སོང་།

གསལ་བསྒྲགས་གནང་བའི་ལས་རིམ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་དཔལ་ལྡན་བཀའ་བློན་ཁྲི་པ་དབུས་པའི་བཀའ་ཤག་ལྷན་རྒྱས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་ལས་རིམ་གཏན་འབེབས།

༡༽ ཚོགས་འདུའི་མིང༌།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་ པ། ཕྱི་ལོ་ ༢༠༡༢

༢༽ ཚོགས་དུས།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར་ནས་ཚེས་ ༢༨ རེས་གཟའ་པ་སངས་བར་ཉིན་བཞི།

༣༽ ཚོགས་ཡུལ།

དྷ་ས།

༤༽ ཚོགས་མིའི་ཡོང་ཁུངས།

ཀ༽ བཀའ་བློན་རྣམ་པ།
ཁ༽ བཀའ་ཟུར་རྣམ་པ།
ག༽ སྤྱི་འཐུས་རྣམ་པ།
ང་༽ སྤྱི་ཟུར་རྣམ་པ།
ཅ༽ དྷ་སར་གནས་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དྲུང་ཆེ་དང་དྲུང་འཕར་རྣམ་པ༽ ཟུང་དྲུང་མན་གྱི་འགན་འཛིན་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་གཅིག་རེ།
ཆ༽ ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ།
ཇ༽ ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཅིག་རེ་དང༌། ས་འཐུས་མེད་པའི་ ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ།
ཉ༽ ས་གནས་འགོ་འཛིན་རྣམ་པ།
ཏ༽ རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ།
ཐ༽ རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རེ།
ད༽ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཅིག་རེ།
གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང་ཟུར་འཛར་དང་པོར་གསལ།
ན༽ ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྔགས་གསུམ་ གྱི་སྐུ་ཚབ་དྲུག་རེ།
པ༽ རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། རང་སྐྱོང་སྡེ་ཚན་གྱི་མཚན་གཞུང་ཟུར་འཛར་གཉིས་པར་གསལ།
ཕ༽ རྒྱུན་གཏན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དྭང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གསུམ་ནས་ ༣༥ དེ་མིན་ནས་ ༥༠ ལས་མ་མང་བ་དང་དེའི་ནང་ནས་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་དུ་ཟུར་བཅད་གནང་རྒྱུ་བཅས།

མཆན།
༡༽ རྒྱ་བལ་འབྲུག་གསུམ་ལ་དྭང་བླང་ཞབས་སྟེགས་ ༣༥ ཡོད་ཁོངས་ནས་ཟུར་ འཛར་དང་པོའི་ནང་མེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཆེད་དུ་ཟུར་བཅད་བྱ་རྒྱུ། དེ་ཡང་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་དགུང་བར་སྙན་ཞུ་འབྱོར་ཟིན་ཁག
༢༽ དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ ཞུགས་ མི་ཆོག

ཟུར་བརྗོད། བླ་ཆེན་རྣམ་པ་དང༌། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ། ཚོགས་ཆུང་ཁག་གི་སྙན་ཐོ་སྙན་སྒྲོན་སྐབས། དེ་བཞིན་ཚོགས་མི་ཚང་འཛོམས་ཐོག་ཚོགས་ཆུང་ཁག་གི་རྒྱབ་གཉེར་སྙན་ཐོའི་བགྲོ་གླེང་གནང་སྐབས་བཅས་སུ་གདན་ཞུ་བྱ་རྒྱུ།

༥༽ གྲོས་གཞི།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ།

༦༽ ལས་རིམ།
སྔ་དྲོ་ཆུ་ཚོད་ ༩་༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥་༠༠ པ་བར་ཚོགས་འདུ་ཉིན་དང་པོར་ཚོགས་བཅར་བ་ཚོགས་འཛོམས་ཐོག་གྲོས་གཞི་ངོ་སྤྲོད་དང་དབུ་འབྱེད་མཛད་སྒོ་གནང་རྗེས་ཚོགས་ཆུང་ཁག་བཅུ་ལ་བགོ་རྒྱུ་དང༌། ཉིན་རྒྱབ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་སྤྱི་སྨན་ལམ་སྟོན་ཞི་བ་དང༌། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་ནས་བོད་མིའི་སྤྱི་ཚོགས་ནང་དང༌། ཉིན་གཉིས་པའི་སྔ་དྲོར་རྒྱལ་སྤྱིའི་ནང༌། དེའི་ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨི་ཤེ་ཡའི་ནང་བཅས་སུ་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་ལྷུག་པོ་གནང་རྒྱུ། ཉིན་གསུམ་པའི་སྔ་དྲོར་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུ། ཉིན་རྒྱབ་ཞོགས་པར་སྙན་སྒྲོན་གནང་བའི་རྒྱབ་གཉེར་ཐོག་ཚོགས་ཆེན་རང་དུ་ཉིན་ཕྱེད་རིང་བགྲོ་གླེང་གནང་རྒྱུ། ཉིན་མཐའ་མའི་སྔ་དྲོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བརྟན་བཞུགས་འབུལ་རྒྱུུ་དང༌། ཉིན་རྒྱབ་ཚོགས་ཆུང་སོ་སོའི་ཚོགས་ཆེན་དུ་འབུལ་བའི་རྒྱབ་གཉེར་རྣམས་ཕྱོགས་བསྡོམས་ཀྱིས་རྒྱབ་གཉེར་ཡིག་ཆ་གཏན་འབེབས་དང་ཚོགས་འདུ་མཇུག་བསྡོམས་གནང་རྒྱུ།

༧༽ ཚོགས་དྲུང༌།
ཚོགས་དྲུང་གི་ལས་འགན་སྒྲིག་སྲོལ་ལྟར་ཚོགས་དྲུང་ལས་ཁུངས་ནས་འགན་བཞེས་གནང་རྒྱུ་དང༌། ལས་བྱེད་འཕར་མ་ཇི་དགོས་བཀའ་ཤག་ནས་གོ་སྒྲིག་ཞུ་རྒྱུ་བཅས།།

ཟུར་འཛར་དང་པོ།
༄༅།། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་སྐབས་མགྲོན་འབོད་གནང་རྒྱུའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང༌།

༡༽ དབུས་གཙང་རྒྱུན་ལས།
༢༽ མདོ་སྟོད་རྒྱུན་ལས།
༣༽ མདོ་སྨད་རྒྱུན་ལས།
༤༽ བོད་ཀྱི་གཞོན་ནུ་ལྷན་ཚོགས༌།
༥༽ བོད་ཀྱི་བེུད་ལྷན་ཚོགས།
༦༽ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ།
༧༽ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
༨༽ མངའ་རིས་སྤྱི་མཐུན་ཚོགས་པ།
༩༽ བོད་ཀྱི་རྒྱལ་ཡོངས་ཆིག་བསྒྲིལ་ཚོགས་པ།
༡༠༽ བོད་ཀྱི་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ།

ཟུར་འཛར་གཉིས་པ།
༄༅། །དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་སྐབས་མགྲོན་འབོད་གནང་རྒྱུའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་གཞུང༌།
༡་ བོད་གཞུང་ཟློས་གར།
༢་ བོད་ཀྱི་དཔེ་མཛོད་ཁང༌།
༣་ ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌།
༤་ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།
༥་ རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།
༦་ ལྡི་ལི་བོད་ཁང༌།
༧་ བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས།
༨་ མ་སུ་རི་བོད་ཁྱིམ།
༩་ སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌།
༡༠་ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས།
༡༡་ དབུས་སྨན་རྩིས་ཁང༌།
༡༢་ བདེ་ལེགས་སྨན་ཁང༌།
༡༣་ ཤེས་རིག་པར་ཁང༌།
༡༤་ བལ་ཡུལ་གངས་ཅན་བདེ་རྩ།
༡༥་ བོད་མིའི་སྤྱི་མཐུན་མཉམ་འབྲེལ།

ཁྱེད་ཀྱིས་གཟིགས་མེད་སྲིད།