སྐྱབས་བཅོལ་ལག་དེབ་དུས་འགྱངས་ལོ་ལྔ་རེར་བྱེད་རྒྱུ་རེད་འདུག

lobsang_sangay_18_4_2012

ཟླ་འདིའི་ཕྱི་ཚེས་༡༨ ཉིན་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་དེ་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཉིན་གཉིས་རིང་འཚོག་བཞིན་ཡོད་པ་དང་། ཚོགས་འདུའི་ཉིན་དང་པོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་།

དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཕེབས་ཡོད་པ་རེད། ཚོང་པའི་ལྷན་ཚོགས་ནས་ལོ་འཁོར་ལས་དོན་ཆེ་ཁག་གི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་བྱས་པ་དང་། ཚོགས་པའི་ངོ་སྤྲོད་དང་འབྲེལ་བའི་མ་འོངས་པའི་ལས་འཆར་སོགས་ཚོགས་གཙོ་སྐལ་བཟང་ནོར་བུས་སྒྲོགས་སྦྱང་བྱས་ཡོད་པ་རེད།

ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་༢༤ ནས་༡༤༨ ཙམ་འཕར་ནས་ཡར་རྒྱས་ཕྱིན་ཡོད་ནའང་རྒྱ་གར་བྱང་ཤར་ཁག་ཏུ་ཡོད་པའི་བོད་མིའི་ཚོང་པ་ཚོར་གང་སར་བསྐྱོད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་ལ་བཀའ་བློན་ཁྲི་པ་མཆོག་གིས་གསུང་དོན།   ང་རང་གིས་ཚོད་དཔག་བྱས་ན་སྐྱབས་བཅོལ་ལག་དེབ་ཡོད་པའི་ཐོག་ནས། ལག་དེབ་སེར་པོ་བཟོས་ནས་ཉི་ཧོང་གཙོས་པའི་ལུང་པ་ཕལ་ཆེར་བར་བསྐྱོད་ཆོག་གི་ཡོད་རེད། ཧོང་ཀོང་དང་། དམ་དྲག་ཡོད་པའི་རྒྱལ་ཁབ་དམིགས་བསལ་ཅན་ཡིན་ན་མ་གཏོགས་འགྲོ་ཆོག་གི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

ཉེ་ཆར་རྒྱ་གར་ནང་སྲིད་ལས་ལུང་ནས་ཕྱི་ལོ་༢༠༡༡ ཕྱི་ཟླ་༡༢ ཚེས་༣༠ ཉིན་བཏོན་པའི་ཡིག་ཆའི་ནང་དོན་ལྟར་ན། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱ་གར་ནང་ལས་ཀ་བྱེད་ཆོག་པ་མ་ཟད། ས་ཆ་ཡང་ཉོ་ཆོག་གི་ཡོད་པ་སོགས་འཁོད་ཡོད་སྐོར་གསུངས་པ་དང་། ཁོང་གིས། བཙན་བྱོལ་བོད་མི་ཚོའི་སྐྱབས་བཅོལ་ལག་དེབ་ཐོག་རྒྱ་གར་ནང་གནས་སྡོད་ཆོག་པའི་དེབ་སྐྱེལ་ལོ་རེ་བཞིན་ཐེངས་རེ་དགོས་ཀྱི་ཡོད་ནའང། ད་ལྟ་རྒྱ་གར་བསྡད་དེ་ལོ་༢༠ ཟིན་པའམ། ཡང་ན་རྒྱ་གར་དུ་སྐྱེས་པ་ཚོར་ལོ་ལྔའི་ནང་དེབ་སྐྱེལ་ཐེངས་གཅིག་ལས་མི་དགོས་པའི་ཆོག་མཆན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

lobsang_sangay_18_4_2012

ཁོང་གིས་མུ་མཐུད་གསུང་དོན། སྐྱབས་བཅོལ་ལག་དེབ་སྐྱེལ་བྱེད་ཕྱོགས་དེ་སྔོན་མ་ནས་བཙན་བྱོལ་ནང་འབད་བརྩོན་བྱས་འདུག་ལ། ད་ལྟའི་བཀའ་ཤག་གིས་མུ་མཐུད་འབད་བརྩོན་བྱས་པ་ལྟར། རྒྱ་གར་ནང་སྲིད་ལས་ཁུངས་ནས་གཏན་འབེབས་བྱས་ཟིན་ཡང་། ས་གནས་ས་ཐོག་ཏུ་བཀོད་ཁྱབ་ལག་བསྟར་འགོ་འཛུགས་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། ས་གནས་ས་ཐོག་ཏུ་ལག་བསྟར་སྐབས། བོད་མིའི་སྒྲིག་འཛུགས་ནས་རྒྱབ་གཉེར་ཞིག་དགོས་ཀྱི་ཡོད་ནའང་། ས་གནས་འགོ་འཛིན་ལ་འབྲེལ་བ་ཞུས་པའི་ཐོག་རྒྱབ་གཉེར་གང་འདྲ་གནང་དགོས་སྐོར་བཀའ་སྡུར་ཞུས་ནས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།།

ཁྱེད་ཀྱིས་གཟིགས་མེད་སྲིད།