རྒྱུད་སྟོད་དཔེ་མཛོད་ཁང་དབུ་འབྱེད་ཀྱི་མཛད་སྒོ།

gyuto1_2012_4_18ཟླ་༤ ཚེས་༡༨ ཉིན་དྷ་སའི་ཉེ་འགྲམ་དུ་ཡོ་པའི་སྟོད་རྒྱུད་གྲྭ་ཚང་གི་བསླབ་པ་མཐར་སོན་པ་རྣམས་ལ་དགེ་བཤེས་སྔགས་རམས་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་དང་དཔེ་མཛོད་ཁང་གསར་བཞེངས་གྲུབ་པའི་དབུ་འབྱེད་ཀྱི་མཛད་སྒོ་གཉིས་དུས་གཅིག་ཏུ་འཚོགས་ཡོད་པ་རེད།

སྐུ་མགྲོན་གཙོ་བོར་རྒྱལ་དབང་ཀརྨ་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག སྤྱི་འཐུས་རྣམ་པ་ཁག་ཅིག  གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། རྒྱུད་སྟོད་གྲྭ་ཚང་གི་ལས་སྣེ་རྣམ་པ་བཅས་ཕེབས་ཡོད་པ་རེད།

ཞོགས་པའི་ཆུ་ཚོད་༡༠ པའི་ཐོག་ཆོག་གྲྭ་པ་རྣམས་ནས་བཀྲ་ཤིས་པའི་ཚིག་གིས་ཤིས་བརྗོད་བཏོན་རྗེས་རྒྱལ་དབང་ཀརྨ་པ་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་མཆོག་རྣམ་གཉིས་ནས་དཔེ་མཛོད་གསར་པའི་སྒོ་ཆེན་གྱི་དར་མཚོན་བཅོད་འབྲེག་གིས་དབུ་འབྱེད་གནང་སོང་།

དེ་རྗེས་སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་དབྱེ་དང་རྟེན་གཙོ་ཁག་ལ་མཇལ་དར་སྒྲོན་འབུལ་བྱས།  གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་སེར་ལྷོ་དགེ་བཤེས་སྔགས་རམས་པ་སློབ་དཔོན་མཁས་གྲུབ་ནོར་བཟང་གིས་རྒྱུད་ཆེན་སྦྱིན་པ་དཔལ་བའི་མཛད་རྣམ་ངོ་སྤྲོད་ཞུས་ཡོད་པ་རེད།

gyuto2_2012_4_18དེ་ནས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ནས་གྲྭ་ཚང་གི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་གསང་སྔགས་ཟབ་མོའི་མཛོད་འཛིན་རྒྱུད་ཆེན་སྦྱིན་པ་དཔལ་བའི་རྒྱུད་ཊཱིཀ་ཆེན་མོ་དང་། གསང་ཆེན་སྟོད་རྒྱུད་པོད་ཕྲེང་དང་པོ་དབུ་འབྱེད་གནང་གནང་བ་དང་།  སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་སེར་བྱེས་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་ནས་དཔེ་མཛོད་ཁང་དབུ་འབྱེད་དང་བསླབ་པ་མཐར་སོན་པའི་དགའ་སྟོན་ཀྱི་མཛད་སྒོའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ནས་བསླབ་པ་མཐར་སོན་པའི་རྩེར་ཕུད་རྣམས་ལ་ཕྱག་ཁྱེར་གནང་སོང་།

དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དམིགས་བསལ་སྐུ་མགྲོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔེ་མཛོད་ཀྱི་བྱུང་རིམ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་།  དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱལ་དབང་ཀརྨ་པ་མཆོག་གསུང་བཤད་གནང་རྗེས། རྒྱུད་སྟོད་འཕྲོད་ཤེས་འགན་འཛིན་འཇམ་དཔལ་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།