ཉེས་ཆད་བལ་སྒོར་ཁྲི་བཞི་བཅད་དེ་བཏང་འདུག
རྒྱ་གར་ནས་བོད་དུ་ལོག་མཁན་སློབ་མ་༥ བལ་བོད་ས་མཚམས་འགྲམ་ནས་རྒྱ་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་གིས། བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག
དེ་ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཟླ་འདིའི་ཚེས་༡༩ ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་ནས་བཙན་བྱོལ་དུ་འབྱོར་ཏེ་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དང་། མ་སུ་རིིར་བོད་ཁྱིམ་དུ་སློབ་སྦྱོང་བྱེད་མྱོང་ཡོད་མཁན་ཚེ་དབང་ཐར་པ་དང་། ཀརྨ་འགྱུར་མེད། བློ་བཟང་བཀྲ་ཤིས། བཀྲ་ཤིས་ཕུན་ཚོགས། ལྷ་མོ་ཚེ་རིང་བཅས་བོད་དུ་ཕྱིར་ལོག་སྐབས། ཟླ་འདིའི་ཕྱི་ཚེས་༨ ཉིན་བལ་ཡུལ་དུ་འབྱོར་ཡོད་པ་དང་། ཁོང་ཚོས་ལམ་ཁྲིད་ལ་དངུལ་སྤྲད་དེ་བལ་བོད་ཀྱི་ས་མཚམས་བརྒལ་ཐུབ་ཡོད་ན་ཡང་། ཕྱི་ཚེས་༡༡ ཉིན་འགྲམ་གྱི་མགྲོན་ཁང་ཞིག་ནས་རྒྱ་གཞུང་གི་གསང་བའི་ཉེན་རྟོག་པས་འཇུ་བཟུང་གིས། ཁོང་ཚོ་ཕྱིར་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་ཏེ། ཉིན་༥ རིང་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཉེས་ཆད་བལ་སྒོར་སྟོང་ཕྲག་༤༠ ཙམ་བཅད་དེ་གློད་གྲོལ་བཏང་ཡོད་འདུག །