མོན་གྷོ་རུ་ས་འཐུས་འོས་བསྡུ།
ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འོས་བསྡུ་ཚོགས་ཆུང་གི་སྟངས་འཛིན་འོག མོན་གྷོ་ས་འཐུས་སྐབས་བརྒྱད་པའི་སྔོན་འགྲོའི་འོས་ཤོག་བླུགས་ཡོད་པ་རེད།
དེ་ཡང་ཉིན་འདིའི་ཞོགས་པ་ཆུ་ཚོད་༨ ནས་ཕྱི་དྲོའི་ཆུ་ཚོད་༥ པ་བར་གཞིས་གྲོང་ཁག་དགུ་དང་གདན་ས་དགའ་འབྲས་གཉིས། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཁག་སོ་སོར་འོས་བསྡུས་བྱས་པ་དང་། སྐབས་དེར་མོན་གྷོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་སུ་ས་འཐུས་སྐབས་བརྒྱད་པའི་འོས་ཤོག་འཕེན་ཆོག་པར་དེབ་སྐྱེལ་བྱས་ཡོད་མཁན་ག་ཚོད་ཡོད་མེད་དང་ས་གནས་འཐུས་ཚོགས་དེ་གལ་ཆེ་ལོད་ག་འདྲ་གཟིགས་ཀྱི་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པར།
ཁོང་གིས། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་འོས་འཕེན་པ་སྔ་རྗེས་སུ་དེབ་བཀོད་ཟིན་པའི་མི་གྲངས་ ༨༦༦༨ ཙམ་ཡོད་པ་རེད། ཕྱི་ཟླ་༤ བའི་ཚེས་༡༣ ནས་༡༥ བར་དུ་གཞིས་གྲོང་ཁག་དགུ་དང་གདན་ས་ཆོས་སྒར་ཁག་གཉིས་བཅས་སུ་ས་གནས་འོས་བསྡུའི་ལས་བྱེད་ཆེད་བཅར་གནང་ནས། མང་ཚོགས་ལ་ས་གནས་འཐུས་མི་འོས་འདེམས་བྱེད་ཕྱོགས་ཀྱི་ལས་དོན་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པའི་སྐོར་ངོ་སྤྲོད་བྱས་པ་རེད། དེས་ཕན་ཡོན་ལ་བརྟེན་ནས་མང་ཚོགས་ཀྱིས་ཐུགས་སྣང་ཆེན་པོ་ཞེ་དྲག་གནང་ཏེ་འོས་ཤོག་འཕེན་གྱི་འདུག ས་གནས་འཐུས་མིའི་ཚོགས་མི་གསར་འདེམས་བྱེད་རྒྱུའི་ཐོབ་ཐང་ངམ་སྐུ་དབང་དེ་ས་གནས་མི་མང་ལ་ཡོད་པ་རེད། ས་གནས་མི་མང་གི་ངོས་ནས་འོས་ཆོས་ཚང་ཡོད་པ་རྣམས་འདེབས་རྒྱུ་རེད་བསམ་ནས་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་སོང་།
ཡང་ཁོང་ལ་ས་གནས་འཐུས་མིའི་འོས་ཆོས་ཚང་མིན་གྱི་ས་མཚམས་དེ་ག་འདྲ་ཞིག་ནས་འཇོག་རྒྱུ་ཡོད་མེད་སྐོར་དྲིས་པར། འོས་ཆོས་ཚང་མ་ཚང་རྒྱུ་དེ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ནང་གསལ། ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་འོས་ཆོས་ནང་གསེས་རྣམས་གྲངས་༡༢ ཞིག་ཡོད་པ་རེད། འོས་འཕེན་པ་མི་མང་རྣམས་པ་ཚོར་དེ་ལ་དགོངས་པ་བཞེས་དགོས་སྐོར་སྔོན་ནས་གོ་རྟོགས་སྤེལ་བ་ཡིན། འོས་འཕེན་པ་མང་ཚོགས་ཀྱི་ངོས་ནས་དེ་ལ་ཏན་ཏན་དགོངས་པ་བཞེས་བའི་ཐོག་འོས་ཤོག་འཕེན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་སོང་།
གཞན་ཡང་ཉིན་འདིར་འོས་འཕེན་པ་ས་གཞོན་ཚོགས་གཞོན་ཟུར་བ་བློ་བཟང་ཚེ་རིང་ལགས་སུ་འོས་བསྡུ་གང་འདྲ་བྱས་ཡོད་མེད་དང་ས་གནས་འཐུས་ཚོགས་གལ་ཆེ་ལོད་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར། སྐབས་བརྒྱད་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་གཞིས་གྲོང་རེ་རེ་ནས་མི་གཉིས་རེ་དང་གྲྭ་ཚང་ཁག་ནས་གྲྭ་པ་མང་པོ་ཞིག་གིས་མིང་ཧ་གོ་ཡི་མི་འདུག ཡིན་ན་ཡང་གྲྭ་ཚང་ཆུང་ཁག་ནས་མི་རེ་རེ་བཅས་གཞུང་མང་གཉིས་ལ་ཞབས་འདེགས་ཞུ་ཐུབ་མཁན་རེ་དྲག་འདེམས་བྱས་ཡོད་ཅེས་དང་།
ས་གནས་འཐུས་ཚོགས་དེ་གལ་ཆེན་པོ་ཞེ་དྲག་མཐོང་གི་འདུག ས་གནས་ཀྱི་ལས་དོན་ཆེ་ཕྲ་ཚང་མ་འཐུས་ཤོར་མ་སོང་བ་ཞིག་དང་། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཐུབ་མཁན་ཞིག་སླེབ་དགོས་ཀྱི་ཡོད་པ་རེད། གལ་སྲིད་ས་གནས་ཀྱི་ལས་དོན་མང་པོ་ཞིག་འཐུས་ཤོར་སོང་བ་ཡིན་ན། བོད་གཞུང་གི་ལས་དོན་མ་འགྲུབ་པ་ཞིག་དང་༧རྒྱལ་བ་རིན་པོ་ཆེའི་ཐུགས་དང་འགལ་བ་བྱུང་མི་ཡོང་ངམ་སྙམ་པའི་ང་ཚོ་ལ་སེམས་འཚབ་ཡོང་གི་འདུག་ཅེས་གསུངས་སོང་།
དེ་ཡང་ཉིན་དེར་ས་གནས་འཐུས་ཚོགས་ཀྱི་འོས་ཤོག་འཕེན་རྒྱུར་མི་མང་གིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། འོས་འཕེན་ནང་འཛུལ་ཞུག་གནང་མཁན་ལོ་༡༨ ནས་རྒན་གཞོན་ཡོངས་ཕེབས་ཀྱི་ཡོད་པ་རེད།
མོན་གྷོ་གསར་འགོད་པས།