བཙན་རྒོལ་ཞེས་པའི་བརྩོན་འགྲུས་ཀྱི་དཔེ་དེབ་གསར་པ།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྩམས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་<<བཙན་རྒོལ་>>ཞེས་པའི་དཔེ་དེབ་པར་སྐྲུན་བྱས་ཡོད་པ་དང་། ཁོང་གིས་“དེབ་དེ་དབྱིན་ཡིག་ཐོག་བྲིས་ཡོད་པ་ལས། ནང་དོན་དང་བྲོ་བ། འགྲོས། ཚོར་སྣང་ཚང་མ་བོད་པ་རང་གི་རེད་”ཅེས་བརྗོད་སོང་།

ཟླ་འདིའི་ཚེས་༢༢ ཉིན་དྷ་ས་མེག་གྷན་དུ་བཙན་རྒོལ་དབུ་འབྱེད་དང་སྟབས་བསྟུན་ལྷན་ཚོགས་ཤིག་བྱས་པ་དང་། དེའི་སྐབས་བརྩོན་འགྲུས་ལགས་དང་བུ་ཆུང་བསོད་ནམས་ལགས་གཉིས་ཀྱི་དབྱིན་ཡིག་ཐོག་སྙན་ངག་གྱེར་འདོན་དང་། ལྷ་ཆབ་སྦྱིན་པ་ལགས་དང་། པདྨ་ཆོས་སྐྱིད་ལགས་གཉིས་ཀྱིས་བོད་ཡིག་ཐོག་སྙན་ངག་གྱེར་འདོན་བྱས་སོང་། སྐབས་དེར་བོད་པ་དང་ཕྱི་རྒྱལ་བ་སོགས་འདུ་འཛོམས་བྱུང་འདུག་ལ། དཔེ་དེབ་དེ་ཚོང་ཡང་བྲིན་པོ་འདུག

བཙན་རྒོལ་ནི་ཤོག་ངོས་༦༨ ཙམ་ཡོད་པའི་དེབ་ཆུང་ཞིག་རེད་ལ། བརྩོན་འགྲུས་ལགས་ཀྱི་དེབ་ཕྲེང་བཞི་པ་དེ་རེད། གཙོ་བོ་༢༠༠༨ ལོ་ནས་བྲིས་པའི་རྩོམ་ཡིག་རྒྱ་གར་གྱི་ཚགས་པར་དང་དུས་དེབ་གྲགས་ཅན་ཁག་ཅིག་ནང་འགྲེམས་སྤེལ་བྱས་པ་དང་། ཁོང་སྒེར་གྱི་ཟིན་བྲིས་ནང་སྤེལ་བ་བཅས་ཕྱོགས་བསྡོམས་བྱས་ཏེ་“བོད་སྨྱུག་”གིས་པར་སྐྲུན་བྱས་འདུག

དེབ་དེའི་ནང་གོམ་བགྲོད་ལ་འགྲོ་ཞེས་པ་དང། བོད་བར་གོམ་བགྲོད། ད་བོད་ལ་ཐག་རིང་པོ་མི་འདུག པེ་ཅིང་གི་རྒྱལ་སྤྱིའི་དཔལ་འབར་ལ་འཐབ་རྩོད། བོད་པའི་ཐག་གཅོད། གསུམ་དུས་ཀྱི་སྒེར་ལངས་དང་། རྟ་དབང་༌༌རྟ་དབང་། ལས་འགུལ་གྱི་སྤྲོ་སྣང། ཝུན་ལ་བཏང་བའི་སྙན་ཞུ། མདུན་བསྐྱོད་ཀྱི་སྤོབས་པ། རྒྱལ་དབང་ཀརྨ་པ། རེ་བ། བླ་མའི་མང་གཙོ། མི་མང་གི་གོམ་སྟབས། དྷ་སའི་ལག་པ་མི་འཆང་སའི་མི་སྣ། མེ་ལྕེའི་ཚོད་ལྟ་བཅས་དཔྱད་རྩོམ་བཅུ་བཞི་དང་། དྲན་པ་སོས་དང་ང་ཚོས་གོམ་བགྲོད་ག་འདྲ་བྱས་པ། བར་ལམ་ཞིག་ནས་ངའི་ལོ་གསར་བརླགས་སོང་ཞེས་པའི་སྙན་ངག་དུམ་ཚན་གཉིས། རྒྱ་གར་གྱི་དུས་བབ་གསར་ཤོག་གི་བཅར་འདྲི་བཅས་འཁོད་ཡོད་པ་རེད།

བརྩོན་འགྲུས་ཀྱི་དཔེ་དེབ་ཁག་ལ་ཤོག་བུ་སྐྱོ་པོ་བཏང་སྟེ། རིན་གོང་ཧ་ཅང་ཆུང་ཆུང་ཐོག་ནས་པར་སྐྲུན་བྱས་འདུག་ལ། ཁྲོམ་རར་སླེབས་དུས་བོད་པའི་དེབ་བྲིན་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། དེབ་གཅིག་གི་པར་སྐྲུན་གླ་ཆར་ཧིན་སྒོར་བཅུ་བཏང་སྟེ། ཕར་བཙོང་སྐབས་ཧིན་སྒོར་ལྔ་བཅུ་རེད། རྩོམ་པ་པོ་དེབ་དེ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བཅར་འདྲི་བྱས་པ་ཡིན། ཁོང་གིས་“ཤོག་བུ་དེ་དག་པར་ཁང་ལ་བེད་སྤྱོད་མེད་པར་བརྟེན། ངས་བེད་སྤྱོད་བྱས་པ་ཡིན་ལ། དེབ་དེ་རྒྱ་གར་ནང་གི་དེབ་གོང་ཆུང་ཤོས་ཤིག་ཆགས་ཡོད་”ཅེས་བརྗོད་སོང་།

དེབ་དེ་ཤོག་བུ་སྐྱོ་ལ་རིན་གོང་ཆུང་ཡང་མིག་ལམ་དུ་མཐོང་བདེ་པོ་དང་གཙང་མ་ཞིག་པར་བརྒྱབ་འདུག བརྩོན་འགྲུས་ཀྱིས་“ཁོང་གི་དེབ་དང་པོ་<<རྒྱལ་མཚམས་བརྒལ་བ་>>ཆིག་སྟོང་འགྲོ་སོང་། དེབ་གཉིས་པ་<<སྐོར་ར་>>ཁྲི་གཉིས་འགྲོ་སོང་། <<སེམས་ཤུགས་>>སུམ་སྟོང་འགྲོ་སོང་། དཔེ་དེབ་བཙོང་རིན་དེ་ངའི་འཚོ་རྟེན་གཙོ་བོ་ཡང་ཡིན་ཞེས་བརྗོད་སོང་། དེབ་དེ་ཚོ་རྒྱ་གར་ནང་ཧིན་སྒོར་༥༠ བྱས་ནས་བཙོང་གི་འདུག་ལ། ཕྱི་རྒྱལ་ཁག་ཏུ་ཨ་སྒོར་༡༠ རེད་འདུག

བརྩོན་འགྲུས་ཀྱི་དཔེ་དེབ་ཁག་དབྱིན་ཡིག་ཡིན་ནའང། ཁ་བྱང་བོད་སྐད་ཀྱི་སྒྲ་གདེང་དབྱིན་ཡིག་ཐོག་བྲིས་འདུག ཁོང་གིས་“བཙན་རྒོལ་ཞེས་པ་ཚིག་གནད་འགག་ཆེན་པོ་རེད་ལ། བཙན་འཛུལ་ལ་འགོག་རྒོལ་དེ་ཚང་མས་ཧ་གོ་རྒྱུའི་ཆེད་དུ་རེད། སེམས་ཤུགས་ཟེར་དུས་ནམ་རྒྱུན་ཁ་རྒྱུན་ལྟ་བུ་ཆགས་ནས། ནུས་པ་མ་སླེབས་པ་ཞིག་ཆགས་ཀྱི་ཡོད། ངའི་དེབ་ནང་སེམས་ཤུགས་ཞེས་པ་འགྲེལ་བཤད་བརྒྱབ་ཡོད། བདེན་པའི་འཐབ་རྩོད་ལ་སྤྲོ་སྣང་ཡོང་བ་དང་། དཀའ་ངལ་ག་རེ་འཕྲད་ཀྱང་། དེར་གདོང་ལེན་བྱས་ཏེ་ལག་བསྟར་ཐུབ་པ་དེ་སེམས་ཤུགས་རེད། ནམ་རྒྱུན་སེམས་ཤུགས་དགོས་པ་རེད་ཟེར་དུས་ལྗིད་ཁོག་ཅིག་ཡོད་པ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

བརྩོན་འགྲུས་ཀྱིས་དབྱིན་ཡིག་ཐོག་རྩོམ་འབྲི་དགོས་དོན་སྐོར་གསུང་དོན། “བོད་པའི་འཐབ་རྩོད་སྐོར་ལ་རྒྱ་གར་དང་དབྱིན་ཇི་མི་སུ་ཡིན་ཡང་། ཁོང་ཚོས་ཚིག་ཐག་བཅད་དེ་འདི་རེད་དེ་རེད་ཅེས་བྲིས་ཏེ་བོད་པའི་ཁམས་དང་མོས་པར་མ་མཐུན་པ་མང་པོ་ཡོང་གི་འདུག  དེ་བཞིན་རྒྱ་ནག་གིས་རྫུན་དང་ཧམ་བཤད་བྱས་ཏེ་མང་པོ་བྲིས་ཡོང་གི་འདུག དེ་འདྲའི་སྐབས་བོད་པ་རང་གི་བསམ་ཚུལ་འབྲི་དགོས་པ་བཤད་དགོས་པ་གལ་ཆེན་པོ་འདུག ང་རང་གིས་དུས་ཚོད་བསྟུན་ནས་བྲིས་པ་དང་། ལན་བརྒྱབ་པ་དེ་ཚོ་ཕྱོགས་བསྒྲིགས་བྱས་པ་ཡིན་”ཞེས་དང་། “བཙན་བྱོལ་ནང་བོད་པའི་འཐབ་རྩོད་དེ་ཁྱབ་བསྒྲགས་བྱེད་མ་ཐུབ་པའི་དཀའ་ངལ་ཡོད་པས། རྒྱལ་སྤྱིའི་ཐོག་བདེན་པ་ར་སྤྲོད་བྱེད་ཐུབ་ན་བསམ་པ་ཞིག་ཆུང་དུས་ནས་ཡོད། ཕྱི་རྒྱལ་མི་ཚོ་ཆུང་དུས་ནས་ཕ་མ་མཉམ་དུ་རྩོམ་འབྲི་རྒྱུའི་གོམས་གཤིས་ཤིག་ཡོད་པ་རེད། བོད་པ་ཚོ་མཐོ་སློབ་ཏུ་འགྲོ་སྐབས་ཀྱང་དབྱིན་ཡིག་ཚད་མ་ལོངས་ནས། རྩོམ་ཡིག་འབྲི་རྒྱུ་དེ་ཕྱི་པོ་ཞིག་ཆགས་པ་རེད་མོད། ད་ལྟ་བོད་པའི་གནས་བབས་སྐོར་ལ་རྩོམ་བྲིས། སྐད་ཆ་བཤད་དེ་ངོ་སྤྲོད་ཐུབ་ཀྱི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་རྩོམ་བསྒྱུར་སྐོར་གསུང་དོན། “བོད་པ་དབྱིན་ཡིག་མི་ཤེས་མཁན་ཚོར་ངའི་རྩོམ་ཡིག་ངག་ཐོག་ནས་འགྲེལ་བཤད་རྒྱག་པ་ལས། ཀློག་ཐུབ་ཀྱི་མེད་པས་བསྒྱུར་དེ་གལ་ཆེན་པོ་འདུག དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་པ་ལུང་རིག་རྒྱལ་དང་མཉམ་བསྒྱུར་བ་དང་། ཁོ་རང་གཅིག་པུས་བསྒྱུར་བ་དེ་འདྲ་ཡོད། དེ་བཞིན་སྔོན་མ་ཕུན་ཚོགས་དབང་ཕྱུག་དང་མཉམ་བསྒྱུར་བ་ཁག་ཅིག་ཡོད། བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་ཚགས་ཤོག་ཐོག་འགྲེམས་སྤེལ་བྱས་ཡོད་པ་རེད་ལ། མ་འོངས་པར་ཡང་བསྒྱུར་དེ་གལ་ཆེན་པོ་འདུག་”ཅེས་བརྗོད་སོང་།།

ཁྱེད་ཀྱིས་གཟིགས་མེད་སྲིད།