༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐབས་ཀྱི་མཛད་འཕྲིན།
༧གོང་ས་མཆོག་ཐེངས་འདིར་ཨ་རིར་ཆིབས་བསྒྱུར་གནང་བ་དང་། ས་གནས་སུ་གཙུག་ལག་སློབ་གྲྭ་ཁག་ཅིག་གི་ནང་བླང་དོར་བཀའ་སློབ་གནང་བ་དང་། དེ་བཞིན་རྒྱ་རིགས་ཁག་ཅིག་ལ་རྒྱ་བོད་གནས་སྟངས་སྐོར་ལ་བཀའ་སློབ་གནང་། ས་གནས་ཀྱི་བོད་མིར་མཇལ་ཁ་གནང་བ་སོག་མཛད་འཕྲིན་ཁག་གྲུབ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོ་མངའ་སྡེ་ཧ་ཝའི་མཚོ་གླིང་། ཧོ་ནོ་ལུ་ལུའི་གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང་། ཨ་རི་གདན་འདྲེན་ཞུ་མཁན་གྱི་གནད་ཡོད་མི་སྣ་ཁག་དང་། མངའ་སྡེ་དེའི་སྲིད་སྐྱོང་པ། ཨ་རིའི་བོད་གཞུང་སྐུ་ཚབ་དོན་བློ་བཟང་སྙན་གྲགས་སོགས་ཕེབས་བསུར་བཅར་ཡོད་པ་རེད། སྐབས་དེར་༧ གོང་ས་མཆོག་གིས་ཧ་ཝའི་ཁུལ་གྱི་སྤྱི་ཚོགས་གནས་སྟངས་དང་ལུགས་སྲོལ་འདི་རྣམས། ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དང་ཧ་ཅང་མཐུན་པོ་འདུག རྩ་བའི་མི་རིགས་ཀྱི་རིན་ཐང་དེ་གལ་ཆེན་པོ་ཡིན། ཕན་ཚུན་མཛའ་བརྩེའི་ཐོག་ནས་མཐུན་ལམ་ཡག་པོ་ཡོང་བ་བྱ་རྒྱུ་དང་། ཁྱིམ་ཚང་སྤྱི་དང་མི་མང་ཕན་ཚུན་བར་བདེ་སྐྱིད་ཡོང་བ་བྱ་རྒྱུ་གལ་ཆེན་པོ་ཡིན། ངོས་རང་ད་རེས་སླར་ཡང་ཧ་ཝའི་ས་ཁུལ་འདིར་ཡོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་སློབ་གནང་འདུག
ཕྱི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་ཨ་རིའི་ཧ་ཝའེ་མངའ་སྡེའི་བསྟི་གནས་ཧོ་ནོ་ལུ་ནུའི་ཉེ་འཁྲིས་སུ་ཆགས་པའི། གྲོང་ཁྱེར་མོ་ནོ་ཝར་ (Manoa)ཞེས་པའི་ཧ་ཝའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་ནང་། དགེ་ལས་སློབ་ཕྲུག་སྟོང་ཚོ་མང་པོར་ནང་སེམས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་བསྩལ་སྐབས། ཡུལ་དེར་འཚམས་གཟིགས་གནང་སྐབས། བོད་མི་ཉུང་ཤས་ཤིག་ལ་མཇལ་ཁ་བསྩལ་ནས། བོད་མི་ཚོར་ལས་ཀ་གང་བྱེད་ཀྱི་ཡོད་མེད་སོགས་བཀའ་དྲི་མཛད་དེ། རང་ཉིད་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་ནམ་ཡང་བརྗེད་རྒྱུ་མེད་པའི་སྐོར་ལ་བཀའ་སློབ་གནང་། མིའི་མི་ཚེ་འདི་བཞིན་རེ་བ་དང་དགའ་ཚོར་ཐོག་ནས་སྐྱེལ་དགོས་ཀྱི་ཡོད། འོན་ཀྱང་དགའ་བའི་ཚོར་བ་དེ་བཞིན་ལུས་པོ་ཁོ་ནའི་སྟེང་ནས་ཡོང་གི་མེད། ཐ་ན་ལུས་པོའི་ཐོག་སྡུག་བསྔལ་དང་ན་ཟུག་གང་འཚམས་མྱོང་དགོས་བྱུང་ཡང་། སེམས་ལ་ཞི་བདེ་ཡོད་ཚེ་འདོད་བློ་ཁེངས་པའི་ཚོར་བ་ཧ་ཅང་ཆེན་པོ་བསྐྲུན་གྱི་ཡོད། མི་ཚང་མར་ཁེ་ཕན་འདྲ་མིན་ཡོད་སྟབས། ཕན་ཚུན་བསམ་བློ་མི་མཐུན་པ་ཡོང་གི་ཡོད། མི་གཞན་ནས་རང་ཉིད་ལ་སྐད་ཆ་ཤོད་སྐབས་གུས་བརྩིའི་ཐོག་ནས་ཉན་འཇོག་བྱས་ཏེ། སྐད་ཆ་དེ་དག་དྲང་བདེན་ཡིན་མིན་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། དེ་བཞིན་མི་གཞན་གྱིས་རང་ཉིད་ལ་སྐྱོན་བརྗོད་བྱས་པའི་སྐབས་སུ་ནང་སེམས་ཀྱི་ཞི་བདེ་འདོར་རྒྱུ་མེད་ཅེས་སོགས་ཀྱི་བཀའ་སློབ་བསྩལ།
ཡང་ཕྱི་ཚེས་༡༦ ཉིན་༧ གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཧ་ཝའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་ནང། དགེ་ལས་སློབ་ཕྲུག་སྟོང་ཚོ་དགུ་བརྒལ་བར་ཞི་བདེ་གོང་མཐོར་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་མ་ཟད། སྐབས་དེར་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་དོན། ང་ཚོའི་འདི་ལྟ་བུའི་ཆིག་སྒྲིལ་གྱི་ནུས་པ་དེ་རྒྱ་དམར་གཞུང་གིས་བོད་མིའི་ཐོག གདུག་རྩུབ་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། དུས་རབས་ཉེར་གཅིག་པ་འདིེ་བཞིན་གྲོས་མོལ་དང་། ཞི་བདེའི་དུས་རབས་ཤིག་བཟོ་དགོས། ཞི་བདེ་ཡང་གྲོས་མོལ་བརྒྱུད་ནས་སྒྲུབ་དགོས་པ་རེད་ཅེས་བཀའ་ལན་བསྩལ་ཡོད་འདུག
ཡང་ཉིན་དེར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཧ་ཝའི་མངའ་སྡེའི་ནང་མཛད་འཕྲིན་གྱི་ཉིན་མཐའ་མར། གསར་འགོད་པ་དང་མཇལ་འཕྲད་ཀྱིས་གསར་འགོད་པས་བོད་ནང་རང་ལུས་མེར་བསྲེག་བཏང་བའི། དོན་རྐྱེན་སྐོར་གྱི་དྲི་བ་ཕུལ་བར་བཀའ་ལན་བསྩལ་དོན། བོད་ནང་བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་ཐོག རྒྱ་ནག་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུའི་དུས་ལ་བབས་ཡོད། རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། འོན་ཀྱང་དེ་ལྟར་བྱེད་དགོས་ཐུག་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་ལན་སྩལ་བ་མ་ཟད། རང་ལུས་མེར་བསྲེག་གི་དོན་རྐྱེན་དེ་དག་གཙོ་བོ་རྒྱ་ནག་དམར་པོའི་སྲིད་གཞུང་གིས། བོད་ནང་མི་ལོ་༥༠ རིང་དབང་བསྒྱུར་བྱས་པའི་ཉེར་ལེན་གྱིས་ཡིན་སྐོར་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གི་ཆབ་སྲིད་ཀྱི་རྣམ་པར་བསྒྱུར་བཅོས་ཐོག་བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་དུའང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུར་ཐུགས་རེ་ཡོད་སྐོར་སོགས་བཀའ་སློབ་བསྩལ།
ཕྱི་ཚེས་ ༡༨ ཉིན་ཨ་རི་ཁལ་ལི་ཕོར་ནི་ཡའི་གྲོང་ཁྱེར་སན་ཌི་ཡ་གོའི་ནང་། རྟེན་གཞི་བྱས་པའི་སན་ཌིཡ་གོའི་གཙུག་ལག་སློབ་གྲྭས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་མང་ཚོགས་ལ། དྲང་བདེན་དང་ཞི་བདེ་གཉིས་ནང་གི་བསམ་བློ་ཡར་རྒྱས་དང་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་ཞི་བདེའི་གཟེངས་རྟགས་འདི་བཞིན་ངོས་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་ཐོབ་པར་ཆེ་མཐོང་ཐོབ་པ་བྱུང། གཟེངས་རྟགས་འདི་ནི་ངོས་ཀྱིས་ད་བར་འགྲོ་བ་མིའི་བདེ་དོན་ལ། ཞབས་འདེགས་ཕྲན་བུ་བསྒྲུབ་པ་དེར་ངོས་ལེན་ཐོབ་པ་ཞིག་ཡིན་སྐོར་བཀའ་སློབ་བསྩལ་འདུག
ཡང་ཕྱི་ཚེས་༢༢ ཉིན་༧གོང་ས་མཆོག་གིས་ལོང་བྷི་ཆིའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ། མི་ནེ་སོ་ཊའི་ཁུལ་དུ་རྟེན་གཞི་བྱས་པའི་སློབ་གྲྭ་དང་། མཐོ་སློབ་ཁག་མི་འདྲ་བ་བརྒྱད་ཙམ་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་བཅས། ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་དོན། ང་ཚོ་ཚང་མ་གོ་ལ་འདིའི་སྟེང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་བསམ་པའི་ཀུན་སློང་དེ་འདྲ་ཞིག་སྐྱེས་ཐུབ་ཚེ། ཕན་ཚུན་མགོ་སྐོར་བསླུ་བྲིད་ཀྱིས་མཚོན་པའི་བྱ་བ་ངན་པའི་རིགས་ལ་ཞུགས་རྒྱུའི་དགོས་པ་གང་ཡང་མེད། འདས་པའི་ལོ་ངོ་༡༠༠༠ རིང་བོད་ཀྱི་ཆོས་རྒྱལ་ཚོ་དང་། རྒྱ་ནག་གི་རྒྱལ་པོ་ཕན་ཚུན་བག་མ་གཏོང་ལེན་གྱིས་མཚོན་པའི་སྐབས་རེ་འབྲེལ་བ་བཟང་པོ་དང་སྐབས་རེ་འཁྲུག་རྩོད་ཀྱང་བྱུང་ཡོད། དེར་བརྟེན་བྱུང་རབས་ཁྲོད་ནས་བོད་མི་རིགས་དང་། ཧན་མི་རིགས་དབར་འཐབ་རྩོད་ཡོང་རྒྱུའི་རྒྱུ་མཚན་མང་དག་ཅིག་བྱུང་ཡོད། དེང་སྐབས་འཛམ་གླིང་ནང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་འགྱུར་བ་ཧ་ཅང་འགྲོ་དང་འགྲོ་མུས་ཡིན། བོད་མིའི་ངོ་བོ་ཐ་དད་ཡོད། དེ་ལྟར་ནའང་ང་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲད་ཚེ། བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བསྡད་ན་དགེ་མཚན་ཆེ་བ་ཡོད། གྲོས་མཐུན་དོན་མཚན་བཅུ་བདུན་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ལ། བསམ་བློ་བཏང་སྟེ་བོད་མི་ཚོས་ས་རྟགས་བཀོད་པ་ཞིག་ཆགས་ཡོད་ཅེས་བཀའ་སློབ་གནང་ཡོད་པ་རེད།།