རྒྱལ་དབང་༧ཀརྨ་པའི་མཚན་ཁྲིམས་ཁང་ནས་ཕྱིར་འཐེན།

ཕྱི་ཚེས་༢༤ ཉིན་ཧིན་དྷུའི་དུས་བབ་ནང་གནས་ཚུལ་འཁོད་པ་ལྟར་ན། རྒྱ་གར་ཨུ་ན་རྫོང་གི་ཁྲིམས་ཁང་དུ་ཧི་མ་ཅལ་མངའ་སྡེའི་ནང་སྲིད་དྲུང་ཆེའི་འཕྲིན་ཡིག་ཅིག་འབྱོར་བའི་ནང་འཁོད་དོན། རྒྱལ་དབང་༧ཀརྨ་པ་མཆོག་མཚན་ཉེས་འཛུགས་བྱས་པའི་ཁ་མཆུ་དེ་ལས་ཕྱིར་འཐེན་བྱས་ཡོད་པ་དང། གཞུང་གིས་ཕྱིར་འཐེན་བྱས་པའི་ཐག་གཅོད་དེ་རྫོང་གི་ཁྲིམས་རྩོད་པར་བཏང་ཡོད་པ་རེད།

མི་དགུ་དང་ལྷན་དུ་རྒྱལ་དབང་ཀརྨ་པར་ཁྲིམས་ཀྱི་དོན་ཚན་༡༢༠ ཁ་སྡེའི་འོག་ཉེས་འཛུགས་བྱས་པའི་གྱོད་གཞི་དེར། ཕྱི་ཟླ་༣ པ་ནས་ཀང་ཀའི་ཁྲིམས་ཁང་དུ་ཁྲིམས་ཞིབ་བྱས་ཤིང་། རྒྱ་གར་གཞུང་གིས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ཉེས་འཛུགས་བྱས་པའི་གྱོད་གཞི་དེའི་མིང་ཐོ་ནས་ཕྱིར་འཐེན་བྱས་པ་དང། མི་གཞན་དགུ་པོར་མུ་མཐུད་ཁྲིམས་གཏུགས་བྱེད་རྒྱུ་ཡིན་པ་རེད། གྱོད་གཞི་འདི་ཕྱི་ལོ་༢༠༡༡ ཕྱི་ཟླ་༡ ཚེས་༢༦ ལ་ཨུ་ན་ཉེན་རྟོག་པས་མཱེ་ཧཊ་པུར་དུ་ཧིན་སྒོར་དུང་ཕྱུར་༡ འཇུ་བཟུང་བྱས་པ་ལ་བརྟེན་ནས་བྱུང་བ་རེད། དངུལ་དེ་དྷ་རམ་ས་ལར་ཡོད་པའི་ཀརྨ་སྒར་ཆེན་ཐེབས་རྩས་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་སི་དྷི་བྷ་རི་རུ་ས་ཆ་ཉོ་ཆེད་ཀ་པི་བྷར་ཝ་ཇི་ལ་སྤྲད་ཡོད་པ་ཤེས་རྟོགས་བྱུང་ཡོད་ཚུལ་བརྗོད་ཡོད་པ་རེད།

རྒྱལ་དབང་ཀརྨ་པ་ཐེབས་རྩ་དེའི་དབུ་ཁྲིད་ཡིན་པའི་ཆ་ནས་ཐོག་མ་ཉེས་འཛུགས་བྱས་པའི་མི་དགུའི་གྲས་སུ་ཚུད་ཡོད་ཀྱང་། ཕྱི་ལོ་༢༠༡༢ ཟླ་༢ ཚེས་༢༡ ལ་ཨུ་ན་རྫོང་ཁྲིམས་ཁང་ལ་༧རྒྱལ་དབང་ཀརྨ་པའི་མཚན་ཁྲིམས་ཁང་ནས་ཕྱིར་འཐེན་བྱེད་དགོས་པའི་སྙན་ཞུ་ཕུལ་བའི་ནང། མི་མང་གི་རེ་བ་དང་གཞུང་གི་དྲང་བདེན་ལ་དོ་ཕོག་མི་ཡོང་ཆེད་ཁྲིམས་ཀྱི་དོན་ཚན་༣༢༡ འོག་ནས་༧རྒྱལ་དབང་ཀརྨ་པའི་མཚན་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་པ་དང་། ལྷག་པར་དུ་༧རྒྱལ་དབང་ཀརྨ་པ་ནི་འཛམ་གླིང་ཕྱོགས་གང་སར་ཤུགས་རྐྱེན་ཡོད་པའི་རྒྱལ་སྤྱིའི་གུས་བཀུར་ལྡན་པའི་ཆོས་ལུགས་མི་སྣ་ཡིན་པ་མ་ཟད། བོད་མི་ཚོས་དད་བཀུར་བླ་མེད་ཞུ་ཡུལ་ཞིག་ཡིན་པ། དེ་བཞིན་རྒྱ་གར་དུ་སྐྱབས་བཅོལ་བའི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེའི་མ་འོངས་རྗེས་འཛིན་ཆགས་སྲིད་པའི་རྒྱུ་མཚན་གྱིས་ཕྱིར་འཐེན་བྱས་ཡོད་པ་རེད་ཅེས་ཀྱང་གསར་ཤོག་དེའི་ནང་དུ་འཁོད་འདུག
དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གི་མཚན་ཁྲིམས་ཁང་དུ་སླེབས་པར་བོད་མི་ཚོར་སེམས་འཚབ་ཆེན་པོ་བྱུང་ཡོད་པ་དང། བོད་གཞུང་བཀའ་ཤག་དང་མཚུར་ཕུ་བླ་བྲང་བཅས་ཀྱིས་རྒྱལ་དབང་མཆོག་གི་མཚན་ཕྱིར་འཐེན་བྱེད་པར་འབད་བརྩོན་གང་མང་གནང་བའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག།།

ཁྱེད་ཀྱིས་གཟིགས་མེད་སྲིད།