སེར་བྱེས་རུ་བརྡ་སྤྲོད་རིག་པའི་བགྲོ་གླེང་།
ཟླ་འདིའི་ཚེས་༢༣ དང་༢༤ ཉིན་གཉིས་ཀྱི་རིང་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག བརྡ་སྤྲོད་རིག་པའི་བགྲོ་གླེང་ཞིག་སེར་བྱེས་གཙུག་ལག་ཁང་ཆེན་མོར་འཚོགས་ཡོད་པ་རེད།
བགྲོ་གླེང་དེར་རྩོམ་པ་པོ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་དང་། བརྡ་སྤྲོག་རིག་པའི་སྨྲ་བ་དགེ་བཤེས་སྐལ་བཟང་ཨེ་ལགས་གཉིས་ཀྱིས་གཙོས་པའི་རྩོམ་པ་པོ་དང་། རིག་གནས་དགེ་རྒན། བརྡ་སྤྲོད་རིག་པ་སྨྲ་བ་བཅུ་དགུས་བརྡ་སྤྲོད་གཞུང་གི་དཀའ་གནད་ཟུར་བཏོན་གྱིས་ཆེད་རྩོམ་སྒྲོགས་སྦྱང་དང་འབྲེལ་དྲི་བ་དྲིས་ལན་དང་། དཀའ་གནད་གསེད་དཀྲོལ་སོགས་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད།
དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དར་སྤེལ་གྱི་ལས་གཞི་བརྩམས་དང་རྩོམ་བཞིན་པའི་ནང་ནས། བགྲོ་གླེང་འདི་ནི་གདན་ས་ཆེན་པོ་ཞིག་གིས་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་གནང་བ་གཞི་རྒྱ་ཆེ་ཤོས་ཞིག་ཆགས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༢༣ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༨ པའི་ཐོག སེར་བྱེས་གཙུག་ལག་ཁང་ཆེན་མོར་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། བགྲོ་གླེང་དེར་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། སྐད་གཉིས་སྨྲ་བའི་མཁས་པ་ཧ་ཁང་སེར་རིན་པོ་ཆེ། སེར་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་དང་མཁན་ཚབ། དེ་བཞིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་གླིང་གི་སྐུ་ཚབ། དེ་མིན་ཆོས་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ། གཞུང་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་གི་སྐུ་ཚབ། ཟུར་ཉན་པ་སོགས་རྒྱས་འཛོམས་ཐོག སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས། བགྲོ་གླེང་གོ་སྒྲིག་ཚོགས་པའི་ཚོགས་མི་སེར་བྱེས་དགེ་སྐོས་དགེ་བཤེས་ལྷ་རམས་པ་ཡ་མ་བསོད་ནམ་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་གི་རྒྱུད་རིམ་དང་། བགྲོ་གླེང་བ་གདན་འདྲེན་ཞུ་ཕྱོགས། བགྲོ་གླེང་གི་དགོས་དམིགས་སོགས་ངོ་སྤྲོད་གནང་།
དེ་རྗེས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྐུ་ཚབ་ལུགས་བསམ་གཞིས་འགོ་སྐུ་ངོ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེས་བརྡ་སྤྲོད་རིག་པའི་གལ་ཆེའི་རང་བཞིན་དང་། གདན་སའི་སློབ་གཉེར་བ་ཚོས་ནང་བསྟན་གཞུང་ལུགས་ཀྱི་སློབ་སྦྱོང་གཞི་རྩར་བཟུང་ཐོག་རིག་གནས་སློབ་སྦྱོང་གི་ཆུ་ཚོད་ཡར་རྒྱས་གཏང་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་། རིམ་བཞིན་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་དང་མཁན་ཚབ་ཀྱིས་བཀའ་སློབ་གསུང་བཤད་གྲུབ་མཚམས། ལྭ་བ་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་ལགས་ཀྱིས་གཙོ་སྐྱོང་འོག་བགྲོ་གླེང་འགོ་འཛུགས་གནང་ཡོད་པ་རེད། ཉིན་གཉིས་པར་སྐད་གཉིས་པའི་མཁས་པ་ཧ་ཁང་སེར་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་འོག་བགྲོ་གླེང་མུ་མཐུད་དེ་གནང་བ་དང་། བགྲོ་གླེང་གྲུབ་རྗེས་རྒྱལ་ཡོངས་དམངས་གཙོ་ཚོགས་པས་གོ་སྒྲིག་རེ་སྐུལ་བཞིན་སེར་བྱེས་ཆོས་ར་ཆེན་མོར་རྩོམ་པ་པོ་དགེ་བཤེས་བེ་རི་འཇིགས་དབང་རྒྱལ་ལགས་དང་། བརྡ་སྤྲོད་སྨྲ་བ་དགེ་བཤེས་སྐལ་བཟང་ཨེ་ལགས་གཉིས་ཀྱིས་རིག་གནས་སྐོར་གྱི་གཏམ་བཤད་དང་དྲིས་ལན་གནང་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ་སེར་ཤུལ་རིན་ཆེན་དོན་གྲུབ།