པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཚོལ་བ།
དེ་རིང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག ལྷག་དཀར་སྲུང་བརྩི་དང་སྟབས་བསྟུན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་སྲུང་བརྩིི་ཟབ་རྒྱས་ཞུས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥། ༣༠ སྟེང་། གཞོན་ལྷན་དང་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ། སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས་ལྷག་དཀར་སྲུང་བརྩི་དང་བསྟུན་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༣ ལ་ཕེབས་པའི། འཁྲུངས་སྐར་གྱི་རྗེས་དྲན་དགོང་ཚོགས་“པཎ་ཆེན་རིན་པོ་ཆེ་ཁྱེད་གང་དུ་ཡོད་”ཅེས་པ་ཞིག་འཚོགས་ཡོད་པ་རེད།
དགོང་ཚོགས་ཐོག་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་གི་གཙོས་པའི། རྒྱ་གཞུང་གིས་མནར་གཅོད་འོག་ལུས་སེམས་གཉིས་ཀྱིས་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་དང་། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ། མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཆེད་ ཚོགས་བཅར་བ་ཚང་མས་སྐུ་བཞེངས་ཐོག་ངག་བཅད་སྐར་མ་གཅིག་རིེང་བྱས་སོང་།
དེ་ནས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་གཏམ་བཤད་དང་། ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུའི་གཤེགས་རྐྱེན་དང་། གསང་ཡུམ་བཞེས་ཕྱོགས། བཙོན་ཁང་དུ་རྒྱ་གཞུང་གིས་མནར་གཅོད་འོག་དཀའ་སྡུག་མྱོང་ཚུལ། བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་ཕྱག་ལས་གནང་ཚུལ་བཅས་ཀྱི་ཐད་ནས་མང་ཚོགས་ལ་ངོ་སྤྲོད་བྱས་སོང་།
དེ་རྗེས་བོད་ཀྱི་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་གཞས་པ་ཡར་ཏུང་ལགས་ཀྱི་གླུ་གཞས་པཎ་དྲན་གླུ་ཞེས་པ་དེ་དང་། བསོད་ནམས་བཀྲ་ཤིས་ལགས་ཀྱི་གླུ་གཞས་པཎ་ཆེན་དྲན་གླུ་ཞེས་པ་དེ་གཉིས་མང་ཚོགས་ཀྱི་སྙན་ལམ་དུ་གཟིགས་འབུལ་ཞུས་སོང་ལ། ཆུང་སྲིད་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་ནས། ལོ་ངོ་༡༧ སོང་བའི་རྗེས་དྲན་དང་འབྲེལ་བའི་སྙན་ངག་ཁག་ཅིག་ཀྱང་སྒྲོགས་སྦྱང་བྱས་སོང་།
མཐར་རི་མོའི་སྒྱུ་རྩལ་པ་བཀྲ་ཤིས་བློ་གྲོས་ལགས་ཀྱིས་བྲིས་པའི། རྒྱ་གཞུང་གིས་བོད་ཡུལ་ཁྲག་མཚོ་ལྟ་བུར་བསྒྱུར་ཡོད་པ་མཚོན་དོན་ཅན་གྱི་རི་མོ་ཞིག་ཀྱང་མང་ཚོགས་ལ་འགྲེམས་སྟོན་བྱས་སོང་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནི་༧གོང་ས་མཆོག་གིས་ངོས་འཛིན་གནང་མ་ཐག ཁོང་དང་སྐུ་འཁོར་ཡབ་ཡུམ་བཅས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་བཅུ་བདུན་འཁོར་གྱི་ཡོད་པ་དང་། དེའི་བར་དུ་གང་ཞིག་ཏུ་བཀག་ཉར་བྱས་ཡོད་ཙམ་ཡང་ཤེས་རྟོགས་བྱུང་མེད་པ་རེད།།