༧གོང་ས་མཆོག་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་འཚོགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ པའི་ཐོག་ཆིབས་བསྒྱུར་གནང་ཡོད་པ་རེད།

བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༥ ཕྱི་དྲོ་དེར་འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་སེམས་ཤུགས་ནམ་ཡང་མ་ཆག་ཅེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་སྐབས། བགྲོ་གླེང་གི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཨོ་ཐོར་ཇིམ་ཝུ་ཌན་(Author Jim Wooten)ལགས་ཀྱིས་༸གོང་ས་མཆོག་ལ་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་གྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་བྱུང་རབས་ཀྱི་རྒྱབ་ལྗོངས་རྣམས་ཞིབ་ཕྲ་གསལ་བཤད་མཛད་ཐོག། ད་ལྟའི་བོད་རྒྱའི་འབྲེལ་ལམ་གྱི་འཕེལ་རིམ་ཐོག་བཀའ་ལན་བསྩལ་དོན། ཕྱི་ལོ་ ༡༩༤༩ །༡༩༥༠ ལོར་རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་དང་རྒྱ་ནག་གི་འབྲེལ་བའི་རྣམ་པ་གསར་པ་འདི་བྱུང་བ་མ་གཏོགས། དེའི་གོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་མང་པོས་བོད་ཀྱི་གནས་བབས་དེ་བཞིན་དོན་དངོས་ཐོག་རང་བཙན་རྒྱལ་ཁབ་de-facto stateཀྱི་ངོ་བོར་གནས་ཡོད་པར་ངོས་འཛིན་བྱས་ཡོད། བཙན་འཛུལ་རྗེས་རིམ་བཞིན་རྒྱ་མིས་ཞི་བའི་བཅིངས་བཀྲོལ་གཏོང་ཆེད་བོད་མིས་རྒྱ་ནག་དང་ལྷན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་མིང་རྟགས་བཀོད་ཡོད། གྲོས་མཐུན་དེའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་བཀོད་ཡོད་པ་མ་ཟད། ཆ་རྐྱེན་དེ་དག་དབུ་མའི་ལམ་གྱི་གཞི་རྩའི་ལྟ་གྲུབ་དང་མཐུན་པ་ཞིག་ཀྱང་ཆགས་ཡོད་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བྲོས་བྱོལ་ལ་སླེབས་རྗེས་དུས་ཚོད་གང་ཙམ་ཞིག་གཞིས་ཆགས་ཁག་གསར་འཛུགས་དང་འབྲེལ་བའི་ལས་གཞིའི་ཐོག་བཏང་བ་རེད། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་ཏུ་རིག་གནས་གསར་བརྗེ་ཡི་བྲེལ་ཟིང་ཆེ་ཤོས་སྐབས་སུ་ང་ཚོས་རྒྱ་ནག་འགོ་ཁྲིད་ཚོ་དང་སྔ་ཕྱི་མ་གཏོགས་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཤར་ངེས་ཡིན། སྐབས་དེར་ང་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ངོས་ལེན་བྱ་རྒྱུ་དང་རང་བཙན་རྩོད་རྒྱུའི་མཐའ་གཉིས་ལས་མ་ལྷུང་བར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྐད་ཆ་ཤོད་རྒྱུ་ཡིན་ཞེས་ཐག་གཅོད་བྱས་ཡོད། ཕྱི་ལོ་ ༡༩༧༨། ༡༩༧༩ སྐབས་རྒྱ་ནག་གཞུང་གིས་ངོས་ལ་ལན་བཏང་བའི་ནང་རང་བཙན་མ་གཏོགས་པའི་གནད་དོན་ཇི་འདྲ་ཞིག་ཡིན་ཡང་ང་ཚོས་སྐད་ཆ་བཤད་ཆོག་ཅེས་གསལ་འདུག ང་ཚོས་སྔོན་ནས་གྲ་སྒྲིག་བྱས་ཟིན་པར་བརྟེན་ལངས་ཕྱོགས་འདི་གཞི་རྩར་འཛིན་ནས་འབད་བརྩོན་བྱེད་སྐབས་མཚམས་རེ་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་རྣམ་པ་དང། སྐབས་རེ་དཀའ་ངལ་ཡང་འཕྲད་ཡོད་ཀྱང་དོན་དངོས་ཐོག་བོད་ནང་གི་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་འབད་བརྩོན་གང་ཡོད་བྱས་ཀྱང་གྲུབ་འབྲས་ཐོན་མེད། འོན་ཀྱང་རྒྱ་ནག་མི་མང་ཚོར་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་ཤིག་བྱུང་བར་བརྟེན་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེའི་རྒྱུ་མཚན་ནི་ང་ཚོའི་འཐབ་རྩོད་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པ་དེས་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་ཡོད།

བགྲོ་གླེང་གྲོལ་རྗེས་༧གོང་ས་མཆོག་དང་པཱོ་ལན་ཌིའི་སྲིད་འཛིན་སྐུ་ཞབས་ལེ་ཆི་ཝ་ལེ་ས་Lech Walesaམཆོག ཇོ་ཌི་ཝིལ་ཡེམ་སི་མཆོག་ Prof. Jody Williams སོགས་དབུ་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་མཛད་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྐུའི་ཡང་སྲིད་སྐོར་དང་བོད་ཀྱི་གནད་དོན་ཇི་ལྟར་སེལ་ཐུབ་མིན། འཚེ་མེད་ཞི་བ་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཞིབ་ཕྲ་གསལ་བཤད་མཛད་ཡོད། ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་ས་གནས་བོད་མི་ཚོར་བཀའ་སློབ་དང་འཚེ་མེད་ཞི་བའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ནང་ལྷན་ཞུགས་མཛད། །

ཁྱེད་ཀྱིས་གཟིགས་མེད་སྲིད།