རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན།
ཟླ་འདིའི་ཚེས་༢༧ ནས་ཉིན་གསུམ་རིང་ཁ་ན་ཌའི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།
ཚོགས་ཐོག་ཏུ་རྒྱལ་ཁབ་སུམ་བཅུ་ཙམ་གྱི་ནང་ནས་གྲོས་ཚོགས་བོད་དོན་རྒྱལ་སྐྱོར་ཚོགས་པའི་འཐུས་མི་ལྔ་བཅུ་ལྷག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་གྱི་སྤྱི་འཐུས་༡༦ མཉམ་བཞུགས་བྱས་ཡོད་པ་རེད། དེ་བཞིན་བཀའ་བློན་ཁྲི་པ་མཆོག་དང་། ཕྱི་དྲིལ་བཀའ་བློན། ཕྱི་རྒྱལ་དུ་གནས་སྡོད་བོད་གཞུང་སྐུ་ཚབ་དོན་གཅོད་སོགས་བསྡོམས་པའི་མི་གྲངས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ལམ་སྟོན་གསུང་བཤད་སྐབས། བོད་ནི་ལུང་པ་གཞན་དང་མི་འདྲ་བར་རྒྱ་ནག་གིས་དབང་བསྒྱུར་འོག་ཁོར་ཡུག་ལ་གནོད་ཚབས་བཟོས་ཡི་ཡོད་པ་དང་། བོད་མིར་བཙན་གནོན་བྱས་པའི་ཆབ་སྲིད་ཀྱི་གནས་བབས་ལ་དབང་འཛིན་པར་འགྱུར་བ་འགྲོ་བ་དང་བསྟུན་ནས་གནས་སྟངས་ལ་འགྱུར་བ་གཏོང་སྲིད་ཀྱང་། བོད་ཀྱི་སྣོད་བཅུད་དང་རིག་གཞུང་བསྐྱར་གསོ་བྱེད་རྒྱུར་དཀའ་ངལ་ངེས་ཅན་ལ་གདོང་ལེན་བྱེད་དགོས་ཆགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་མགོན་པོ་གང་ཉིད་ཀྱིས་བོད་ནང་དུ་གཞོན་སྐྱེས་ཚོས་བོད་དོན་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་ཡོད་སྐོར་དང་། སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་གཏོང་རྒྱུའི་འདོད་པ་ཡོད་གསུངས་པ་ལྟར། ང་ཚོས་ཀྱང་དེར་རེ་བ་བྱེད་ཀྱི་ཡོད་སྐོར་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པས། བོད་མི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་གནང་འདུག
ཐེངས་འདིར་བརྗོད་གཞི་གཙོ་བོ་དྲུག་གི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ༡༽ བོད་མཐོ་སྒང་ནི་འཛམ་གླིང་སའི་གོ་ལའི་སྣེ་གསུམ་པ་དང་། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དེའི་ཤུགས་རྐྱེན།
༢༽ ད་ལྟའི་གནས་སྐབས་འདིར་བོད་མིར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་ཕྱོགས།
༣༽ བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་དང་། རྒྱ་ནག་གི་མ་འོངས་འགོ་འཁྲིད་བརྗེ་བསྒྱུར་དང་བོད་ཀྱི་གནས་བབ།
༤༽ རིག་གཞུང་དང་ཆོས་དད་རང་དབང་དང་། སྤྱི་ཚོགས་བརྟན་ལྷིང་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན།
༥༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་གི་ལས་དོན་སྙན་གསན་དང་། ཚོགས་ཆུང་ཆ་བགོས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས།
༦༽ ཚོགས་ཆུང་ཆ་བགོས་ཐོག་མ་འོངས་ལས་འཆར་སྤེལ་ཕྱོགས་བཅས་ཀྱི་སྐོར་ཡིད་པ་རེད།
གོང་གསལ་དོན་ཚན་ཁག་ལ་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་གྲུབ་མཚམས་ཚོགས་ཆེན་ཐེངས་དྲུག་པའི་མཐའ་མའི་ཡོངས་ཁྱབ་གསལ་བསྒྲགས་དང་། མ་འོངས་ལས་འཆར་ཇི་སྤེལ་གྱི་ཡིག་ཆ་ཁག་བཅས་གཏན་འབེབས་དང་འབྲེལ་ཚོགས་ཆེན་དྲུག་པ་མཇུག་བསྡོམས་གནང་རྒྱུ་ཡིན་པ་རེད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུས། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སོ་ཀོཊ་ལེཎཊ་རྒྱལ་ས་ཨིཌན་སྦ་ར། ལྔ་པ་ཨི་ཊ་ལིའི་རྒྱལ་ས་རོམ་བཅས་སུ་ཚོགས་ཡོད་པ་རེད།
ད་རེས་ཚོགས་ཆེན་ཐེངས་དྲུག་པ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་དང་། ཁེ་ན་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཐུན་མོང་ནས་གོ་སྒྲིག་བྱས་ཡོད་པ་རེད།།