ཡུལ་མི་གཡོག་པོར་ཉར་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་སོང་།

2012-4-27bylaཟླ་འདིའི་ཚེས་༢༧ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཁག་ཏུ་གཟིགས་སྐོར་དུ་ཕེབས་ཏེ། མི་མང་ལ་བཀའ་ཤག་གསར་བའི་ལྟ་གྲུབ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།

དེ་ཡང་ཚེས་ ༢༦ ཉིན་གཞིས་ཆགས་ཁག་གི་འཛུགས་སྐྲུན་ཁག་ལ་གཟིགས་སྐོར་གནང་བ་དང་། ཚེས་ ༢༧ ཉིན་གྱི་ཞོགས་པར་ལུགས་བསམ་མཉམ་འབྲེལ་མི་མང་ཚོགས་ཁང་དུ་ས་གནས་གཞིས་ཆགས་ཁག་གཉིས་ཀྱི་གནད་ཡོད་མི་སྣ་དགུ་བཅུ་གོ་བརྒྱད་དང་ལྷན་དུ་ཞུགས་མོལ་ཚོགས་འདུ་ཞིག་བསྐོངས་ནས་གཞུང་གི་ལྟ་གྲུབ་གསུམ་དང་འབྲེལ་བའི་ལས་དོན་ཕྱེད་ཕྱོགས་སྐོར་གསལ་བཤད་གནང་།

ཆུ་ཚོད་ ༡༠ ཕྱེད་ཐོག་བདེ་སྐྱིད་སླར་གསོ་མི་མང་ཚོགས་ཁང་དུ་ས་གནས་ལུགས་བདེ་གཉིས་ཀྱི་མི་མང་བཞི་བརྒྱར་ཉེ་བ་ཙམ་ལ་བཀའ་ཤག་གསར་བའི་ལྟ་གྲུབ་དང་འབྲེལ་བའི་ལས་དོན་དང་དམིགས་ཡུལ་བཅས་འགྲེལ་བརྗོད་གནང་སྐབས། ཞིང་ས་འབྲེལ་བའི་སྐོར་ལ་ཁོང་གིས་ “མ་འོངས་པར་ང་ཚོ་ལོ་ག་ལ་གང་འཚམས་ལ་རྒྱ་གར་དུ་གནས་དགོས་བྱུང་བ་ཡིན་ན། ད་ལྟའི་མི་འབོར་མང་དུ་འགྲོ་བཞིན་ཡོད་རེད་དེ། ས་ཆ་ལ་ཆ་བཞག་ན་ཞིང་སར་ཁང་པ་བརྒྱབ་པ་དང་། ཡུལ་མིས་རིམ་ཟོས་བྱས་པ་དང་། ཡུལ་མི་ལ་བོགས་མར་སྤྲད་པ་ཚུར་མ་ལོན་པ་དེ་འདྲའི་གནས་སྟངས་འོག་མིང་དེ་སོ་ནམ་གཞིས་ཆགས་ཁུར། དོན་དངོས་ལ་སེང་ག་པུར་དང་མ་ལེ་ཤེ་ཡ་ལྟ་བུའི་གནས་སྟངས་ནང་བཞིན། མཐུན་རྐྱེན་ཡོངས་སུ་རྫོགས་པ་གཞན་ལ་བརྟེན་དགོས་པ་ལས་རང་གི་ས་ཆར་མེད་པ་ཆགས་པ་ཡིན་ན། དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རང་མོས་རང་ལས། རང་ཁ་གསོ་ལག་བསྟར་བྱེད་དགོས་པའི་དུས་ལ་བབ་ཡོད་པ་རེད། ས་ཆ་བདག་པོ་རྒྱག་དགོས་ཀྱི་རེད། སོ་སོའི་ས་ཆའི་ཐོག་ནས་ཡར་རྒྱས་གཏོང་འདོད་ཡོད་ཀྱང་སྒྲིག་གཞིའི་ཐོག་ནས་ལམ་ཁ་འགག་འགྲོ་བ་དེ་འདྲ་ཡོད་ན། ས་གནས་ནས་ཞིབ་འཇུག་བྱས་ཏེ་རྒྱུ་མཚན་དང་བཅས་ས་གནས་གཞིས་འགོ་བརྒྱུད་འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་རྡ་སར་ས་གནས་འགོ་འཛིན་གྱི་ཚོགས་འདུའི་ཐོག་སླེབས་ཐུབ་པ་དགོས་ཀྱི་རེད། ང་ཚོས་སྒྲིག་གཞི་ལ་བསྐྱར་བཅོས་བྱས་པར་ཕྱི་ཟླ་དགུ་པའི་གྲོས་ཚོགས་ནས་ཆོག་མཆན་ཐོབ་ན་ས་ཁང་སྒྲིག་གཞི་གསར་པ་བཀྲམ་ཡོང་གི་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

2012-4-27byla

ཁོང་གིས་མུ་མཐུད་གསུང་དོན། “ཡང་རིགས་གཅིག་གིས་ས་ཆ་ང་ཚོར་དབང་གི་ཡོད་ཟེར་ནས། ཁྲིམས་ཀྱི་འགྲོ་སྟངས་ག་ཚོད་ཤེས་ཀྱི་ཡོད་མེད་མི་ཤེས་ཏེ། རྒྱ་གར་ཁྲིམས་ཀྱི་འགྲོ་སྟངས་ཤེས་ཀྱི་ཡོད་མདོག་མདོག་བྱས་ནས། གཞིས་ཆགས་ལས་ཁང་དང་མཉམ་འབྲེལ་དེ་འདྲ་ལ་རོབ་ཚོད་བལྟས་ནས། རྒྱ་གར་མངའ་སྡེ་དེ་འདྲ་ལ་ཁྲིམས་གཏུག་བྱེད་པའི་བཟོ་དེ་འདྲ་ཕྲན་བུ་ཡོང་གི་ཡོད་རེད། རང་ཚོད་རང་གིས་བཟུང་ནས་ཡག་པོ་མ་བཞུགས་པ་ཡིན་ན། ཕུགས་ལ་དཀའ་ངལ་དེ་དོ་བདག་རང་ཉིད་ལ་འཕྲད་རྒྱུ་རེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ད་ལྟའི་ང་ཚོའི་ས་ཆ་འདི་དག་ཁྲིམས་ཐོག་ནས་མངའ་སྡེ་ལ་དབང་བ་ལས་སོ་སོར་བདག་དབང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་མི་ལ་ཕར་གཏད་རྒྱུ་དང་སྤྲོད་རྒྱུ་ཕར་ཤོག  ཉོ་ཚོང་དེ་ཚོ་ཆོག་གི་མ་རེད། འདི་གར་རེ་ཟུང་གིས་ས་ཆ་ཉོ་ཚོང་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཡི་འདུག དེ་ཚོ་ཁྲིམས་ཀྱི་ཐོག་ནས་ལག་བསྟར་བྱ་རྒྱུའི་གནས་སྟངས་ཆགས་པ་ཡིན་ན། རང་གཞན་ཚང་མར་དཀའ་ངལ་མི་ཆགས་པའི་ངེས་པ་ཡོད་པ་མ་རེད། ཐུགས་བསམ་བཞེས་དགོས་ཀྱི་འདུག ”ཅེས་བརྗོད་སོང་།

ཡང་མི་མང་ནང་གཡོག་པོ་ཉར་སྟངས་སྐོར་ལ་ཁོང་གིས་གསུང་དོན། “ཁྱིམ་ཚང་ནང་དུ་བུ་ཕྲུག་ལོ་ཆུང་ཆུང་དེ་འདྲ་གཡོག་པོ་ཉར་ཡོད་པ་ད་དུང་ཡོད་པ་རེད། དེ་ཚོར་དགོངས་པ་ཡག་པོ་མ་བཞེས་པ་ཡིན་ན། ཉེ་ཆར་ས་གནས་ས་ཐོག་ལ་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མི་ཐོབ་ཚང་སྡེ་ཚན་དང་ཚོགས་པ། རྒྱ་གར་གཞུང་གི་ལས་གནས་དེ་འདྲ་མང་པོའི་ཐོག་ནས་ས་གནས་འགོ་འཛིན་ལ་‘ཁྱེད་རང་ཚོས་རྩ་བའི་ཆ་ནས་མང་ཚོགས་ལ་གསལ་བསྒྲགས་བྱེད་ཀྱི་འདུག གང་ཡང་མ་བྱས་པ་དེ་འདྲ་མ་རེད་དེ། མང་ཚོགས་ནང་ལ་གཡོག་པོ་ཉར་མཁན་མུ་མཐུད་ནས་ལྷག་སྡོད་ཀྱི་འདུག དེ་ཚོའི་རིགས་དེ་བཤད་པ་ཙམ་མ་ཡིན་པར། དོན་དག་ལག་བསྟར་བྱེད་མ་ཐུབ་པ་ཡིན་ན། རིམ་པས་ས་གནས་འགོ་འཛིན་གྱིས་སྐད་ཆ་བཤད་མི་དགོས་པར་གནད་ཡོད་མི་སྣ་ས་གནས་སུ་ཡོང་ནས་འཛིན་བཟུང་བྱེད་དགོས་པའི་གནས་ཚུལ་ཆགས་ཀྱི་རེད། སྐབས་དེར་གཡོག་པོ་དེ་འཛིན་གྱི་མ་རེད། གཡོག་པོ་ཉར་མཁན་ཁྱིམ་ཚང་ལ་མི་བཞི་ལྔ་གང་ཡོད་པ་དེ་དག་འཛིན་བཟུང་བྱེད་ཀྱི་རེད། དེ་འདྲ་ལག་བསྟར་བྱེད་མ་དགོས་པ་ཞིག་གི་སློབ་གསོ་ཡག་པོ་བྱེད་རོགས་ཀྱིས་’ཟེར་ནས་ས་གནས་འགོ་འཛིན་ལ་ཞུས་ཡོད་རེད་ལ། ༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ལ་སྙན་ཞུ་བྱུང་ཡོད་པ་རེད། ནང་སྲིད་ལས་ཁང་ལ་ཡང་འདས་པའི་གནས་ཚུལ་ནང་ཁྱིམ་ཚང་ནས་གཡོག་པོ་ཉར་རྒྱུ་མང་དྲག་གི་འདུག་ཅེས་པའི་བསམ་ཚུལ་མང་པོ་བྱུང་ཡོད་པ་རེད། དེར་བརྟེན་རྣམ་པ་ཚོས་དགོངས་པ་ཡག་པོ་བཞེས་དགོས་ཀྱི་འདུག ”ཅེས་བརྗོད་སོང་།

གཏམ་བཤད་གྲུབ་རྗེས་གཞུང་གི་ངོས་ནས་གཞིས་ཆགས་སྲ་བརྟན་ཆེད་ག་རེ་བྱེད་དགོས་ཡོད་མེད་སྐོར་ལ་ས་གནས་མང་ཚོགས་ཀྱི་བསམ་ཚུལ་གང་ཡོད་བཀའ་འདྲི་གནང་ཡོད་ནའང་། ས་གནས་མི་མང་ནས་འཆར་གཞི་ལྡན་པ་དང་། གྲ་སྒྲིག་ཡོད་པ་སོགས་ཀྱི་བསམ་ཚུལ་དང་དྲི་བ་འདོན་མཁན་མི་གཅིག་ཀྱང་བྱུང་མེད་པ་རེད། །

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།