བོད་ཀྱི་དཔའ་བོའི་ཉིན་མོ་ཐེངས་བཅུ་བཞི་པ།

pawo_29_4_2012ཕྱི་ཟླ་༤ པའི་ཚེས་༢༩  ཉིན་གྱི་ཞོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་དཔའ་བོའི་ཉིན་མོ་ཐེངས་བཅུ་བཞི་པ་དྷ་སའི་ལྷ་རྒྱལ་རིར་སྲུང་བརྩི་བྱས་པ་དང་།  སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གདན་ཞུ་བྱས་ཡོད་པ་རེད།

དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉིན་མོ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་དཔའ་བོའི་ཉིན་མོལ་གཏན་ཁེལ་བྱས་ཡོད་པ་དང་། ཁོང་ནི་བོད་མི་རང་ལུས་མེར་བསྲེག་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ཞོགས་པ་དེར་ལྷ་རྒྱལ་རིར་སྨོན་ལམ་དང་བསང་གསོལ་གྲུབ་རྗེས། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་གྱིས་མར་མེ་ཞལ་འབྱེད་གནང་ཞིང་། ཁྲི་ཟུར་གཙོས་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམས་ཀྱིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་སྐུ་པར་ལ་མཇལ་དར་བསྒྲོན་ནས་གུས་འདུད་ཞུས་སོང་། སྐབས་དེར་དབུས་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་དང་། དཔའ་བོའི་ཉིན་མོ་སྲུང་བརྩི་དགོས་དོན་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

དེ་བཞིན་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་དོན། བོད་ཀྱི་རྒྱལ་ཁབ་དོན་དུ་སྐུ་ལུས་མེར་བསྲེག་བཏང་ནས་ད་ཆ་གྲངས་འབོར་༣༥ སླེབས་ཡོད་པ་རེད། དེ་སྔོན་རྒྱལ་ཁབ་གཞན་པའི་དྲག་སྤྱོད་པས་ལས་འགུལ་སྤེལ་སྐབས་ང་ཚོས་འདི་འདྲའི་ལས་ཀ་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད་མོད། གཞན་ལ་འཚེ་བ་མེད་པའི་རང་ལུས་མེར་བསྲེག་བཏང་བ་ནི་ཤིན་ཏུ་རླབས་ཆེན་དང་སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡིན་པ་རེད། དེ་ནི་སྟོན་པ་ཐུགས་རྗེ་ཆེན་པོའི་དགོངས་པ་ལམ་སྟོན་དང་མཐུན་པ་ཞིག་རེད་ཅེས་གསུངས་སོང་།

pawo1_29_4_2012ཡང་ཁོང་གིས་མུ་མཐུད་གསུང་དོན། སྔར་གཞུང་དང་མི་མང་གཉིས་ལོག་ཀ་ཡིན་པ་ལྟ་བུར་ལས་ཀ་བྱེད་ཀྱི་ཡོད་དེ་ངས་ཡག་པོ་མཐོང་མ་སོང་། ད་ལྟ་ང་ཚོའི་གནས་སྟངས་འདི་འདྲའི་སྐབས་སུ་ཆིག་སྒྲིལ་བྱེད་དགོས། ཡང་དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ཕན་ཚུན་ཟུར་ཟ་བྱེདརེས་དང་། འཐབརྩོད་ཆེན་པོ་ཞིག་བྱེད་ཀྱི་འདུག ནང་ཁུལ་ལ་ཁ་གཏད་བྱེད་པ་ཡག་པོ་མཐོང་མ་སོང་། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་གལ་ཆེན་རེད་ཅེས་གསུངས་སོང་། ཡང་ཁོང་གིས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་བརྗོད་དོན། ད་ལོ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་ཀྱི་གཞོན་ལྷན་གྱི་དབུ་ཁྲིད་འོག ཤིང་བཟའ་རིན་པོ་ཆེ་སོགས་ཀྱིས་ཟས་བཅད་ངོ་རྒོལ་གནང་ནས་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཐུབ་པ་ཧ་ཅང་ཡག་པོ་བྱུང་ཡོད་རེད། ང་ཚོའི་གནས་ཚུལ་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་ཐུབ་པར་བྱེད་དགོས་འདུག་ཅེས་གསུས་སོང་།

དགོང་མོར་དྷ་ས་མེག་གྷན་ལ་མར་མེ་ཁྲོམ་སྐོར་ཞིག་དང་སྦྲགས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་རའི་ནང་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་གི་མདུན་དུ་བོད་དབྱིན་གཉིས་ནང་གཞོན་ནུ་ལྷན་ཚོགས་ངོས་ནས་དཔའ་བོ་ཉིན་མོ་ངོ་སྤྲོད་གནང་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་གུས་འདུད་དང་རྗེས་དྲན་ཞུས་ཤིང་། བདེན་ཚིག་སྨོན་ལམ་དབྱངས་སུ་གྱེར་ནས་མཐར་ཉིན་གཅིག་གི་རྗེས་དྲན་དེ་མཇུག་བསྡུས་ཡོད་པ་རེད།།

དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་༡༩༩༨ ལོའི་ཕྱི་ཟླ་༤ ཚེས་༢༩ ཉིན་ལྡི་ལི་རུ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་པ་དང་། ཁོང་གི་རང་ལུས་མེར་བསྲེག་གི་ཉིན་མོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་ཀྱི་དཔའ་བོའི་ཉིན་མོར་གཏན་འབེབས་བྱས་ཏེ། ལོ་ལྟར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།

དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། བོད་ནང་དུ་བོད་མི་༣༥ ཡིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། ༢༧ གྱིས་སྲོག་ཤོར་ཟིན་པ་རེད། རྒྱ་གར་དང་བལ་ཡུལ་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་བསྡོམས་པའི་བོད་མི་ལྔ་ཡིས་རང་ལུས་མེར་བསྲེག་བྱས་ཏེ་གཉིས་ཀྱི་སྲོག་ཤོར་ཡོད་པ་རེད། །

ཁྱེད་ཀྱིས་གཟིགས་མེད་སྲིད།