དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་གསུང་འཕྲིན།

༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཝ་ཤིང་ཊོན་དུ་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་། བོད་རྒྱ་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མ་མཐོང་ཞེས་འཁོད་འདུག

དེའི་ནང་། རྣམ་པ་ཚོས་མཁྱེན་གསལ་ལྟར་འདས་པའི་ལོ་མང་རིང་ངས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱ་རྒྱུའི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་བྱས་ཡོད། འོན་ཀྱང་དེ་རིང་འདིར་ངས་གྲོས་མོལ་གྱི་བརྒྱུད་རིམ་ཐོག་ཡར་རྒྱས་ཇི་འདྲ་བྱུང་མིན་སྐོར་སྙན་སེང་ཞུ་རྒྱུ་གང་ཡང་མེད། གང་ཡིན་བརྗོད་ན། གནད་དོན་དེའི་ཐོག་གསར་པ་ཞུ་རྒྱུ་གང་ཡང་མེད། རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་མཐའ་མ་དེ་ཕྱི་ལོ་༢༠༡༠ ཕྱི་ཟླ་༡ ནང་པེ་ཅིང་དུ་བྱས་པ་རེད། ངའི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ཙམ་བྱས་ཀྱང་གྲོས་མོལ་བསྐྱར་མཐུད་བྱུང་ཐུབ་མེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་པའི་སྐབས་འདིར་པེ་ཅིང་དང་དྡ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད། ང་རང་སྒེར་གྱི་མཐོང་ཚུལ་ཞུས་ན། རྒྱུ་མཚན་གཞན་ཞིག་གི་ཐོག་ནས་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མ་མཐོང་།

འོན་ཀྱང་ལས་དོན་དེའི་ཐོག་ངས་ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་བྱས་པར་བརྟེན། རྒྱ་བོད་མི་རིགས་གཉིས་ཀས་མོས་མཐུན་ཡོང་རྒྱུའི་གཉིས་སྨན་གྱི་ཐབས་ལམ་དེ་གྲོས་མོལ་གྱི་ཐབས་ལམ་འབའ་ཞིག་ཡིན་པ་དུས་ད་ལྟའང་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་མཁྲེགས་བཟུང་གི་བསམ་བློ་དོར་ཏེ་ཕུགས་རྒྱང་རིང་པོར་དམིགས་པའི་ཆབ་སྲིད་ཀྱི་ཆོད་སེམས་འཆང་རྒྱུར་ང་ལ་རེ་བ་ཡོད། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་དགོངས་བཞེས་དེ་ལ་ཆོད་སེམས་བརྟན་པོའི་ཐོག་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་ཡང་གསུངས་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། འཐབ་རྩོད་ཚང་མར་མི་འདྲ་བའི་ཁྱད་ཆོས་རེ་ཡོད། བོད་མིའི་འཐབ་རྩོད་ཀྱི་ཁྱད་ཆོས་ནི་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དབར་བྱུང་རབས་ལོ་རྒྱུས་ཁྲོད་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ལས་བྱུང་བ་ཞིག་ཡིན།

ཕྱི་ལོ་༢༠༡༡ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ནའང་། མགོན་པོ་གང་ཉིད་ཀྱི་སྐུའི་གསང་བ་གསུམ་གྱི་མཛད་འཕྲིན་གཞལ་བར་དཀའ་བའི་ཁྲོད་པཎྜི་ཏ་ནེ་རུ་མཆོག་དང་མའོ་ཙེ་ཏུང་ལ་སོགས་པའི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཁག་དང་མཇལ་འཕྲད་མཛད་པ་དང། འཚེ་མེད་ཞི་བར་འགྱུར་བ་མེད་པའི་ཐུགས་སྐྱེད་དམ་བཅའ་བརྟན་པོ་འཆང་བཞིན་པ། དེ་བཞིན་ཐ་མལ་པའི་སྣང་ངོར་སྐབས་རེ་བསམ་ཡུལ་ལས་འདས་པའི་མཛད་དཀའ་འཕྲད་པ་སོགས་སྐུའི་མྱོང་བ་ཁྱད་པར་བ་དུ་མ་ཞིག་ཡོད་པར་བརྟེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་དབར་ལོ་ངོ་༦༠ ལྷག་གི་རིང་འཕྲད་བཞིན་པའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཆགས་ཡོད།

དེ་རིང་ངས་ཧ་ཅང་སེམ་འཚབ་བྱ་རྒྱུའི་བོད་རྒྱའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་འགའ་ཤིག་སྐོར་གླེང་རྒྱུ་ཡིན། གནད་དོན་དེ་དག་ཐོག་བསམ་ཞིབ་མ་བྱས་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱ་རྒྱུའི་གཞི་རྩ་དེ་བཞིན་རྩ་རླག་ཏུ་འགྲོ་སྲིད། ང་རང་གཞོན་པའི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་མ་ཟད། ཉེ་ལམ་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་བོད་རྒྱ་གྲོས་མོལ་སྐབས་ཕྲན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མགྲིན་ཚབ་པའི་གཙོ་འགན་གྱི་ཚབ་ཞུས་ཏེ་འགན་ཁུར་དང་ལེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་།

ཕྲན་རང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་ཞིག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་གཅིག་ཡིན་པར་བརྟེན། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དང་གཞུང་གི་ལས་བྱེད་མཐོ་དམའ་འདྲ་མིན་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་བ་བྱུང་བ་མ་ཟད། རང་དབང་དང་མང་གཙོའི་ཁོར་ཡུག་ལྡན་པའི་རྒྱ་གར་ནང་འཚར་ལོངས་བྱུང་བ་དེས་ངའི་བསམ་བློར་བློ་སྐྱེས་དང་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་བྱུང་། ལྷག་པར་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ཡོན་མི་སྣ་གྲགས་གྲས་ཧ་ཅང་མང་པོ་ཞིག་ངོ་ཤེས་ཐོག་གྲོགས་འདྲིས་ཙམ་མིན་པར་དངོས་སུ་ལས་དོན་མང་པོའི་ཐོག་མཉམ་ལས་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང།

འདི་ག་ཨ་རིའི་ནང་དུ་མཚོན་ན། ཕྲན་ནས་འགན་ཁུར་ཆེན་པོའི་ཐོག་ནས་ཧ་ལམ་ལོ་༢༥ རིང་བོད་དོན་འཐབ་རྩོད་བྱེད་བཞིན་པའི་སྐབས་སུའང་། མཁས་དབང་དང་གཞུང་འཛིན་མི་སྣ་ཙམ་མ་ཟད། ཨེ་ཤི་ཡ་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་དང་ཐད་ཀར་འབྲེལ་ཡོད་ཀྱི་ཨ་རིའི་གལ་ཆེའི་མི་སྣ་མང་པོ་ཞིག་དང་ངོ་ཤེས་ཆགས་ཡོད། དེའི་ཁྲོད་ཨ་རིའི་གཞུང་ཚབ་ཟུར་པ་སྐུ་ཞབས་རི་ཆཱཌ་ཧལ་བྷུ་རུག་(Richard Holbrooke)མཆོག་གིས་གཙོས་མང་པོ་ཞིག་གིས་ཕྲན་ལ་ཧ་ཅང་སེམས་ཐག་ཉེ་བོས་གྲོགས་སྒྲིག་ཐོག་ལམ་སྟོན་ཡང་གནང་བྱུང་བ་དེས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང། ཕྲན་ནས་ལོ་ངོ་༣༠ རིང་གུང་ཁྲན་ཆབ་སྲིད་ཅུས་ཀྱི་ཚོགས་མི་གཙོ་བོར་གྱུར་བའི་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་འབྲེལ་སྒྲིག་བྱས་པ་དེས་ཀྱང་ཁོང་ཚོས་བསམ་ཚུལ་དང་རེ་དོགས་ཇི་འདྲ་ཡོད་མེད་དངོས་ར་འཕྲོད་ཐུབ་པ་བྱུང། ཉམས་མྱོང་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་ལས་བྱུང་བ་ཞིག་ཡིན་པ་དང། ཉམས་མྱོང་དེ་དག་ལ་བརྟེན། ཕྲན་ནས་༧གོང་ས་མཆོག་དང་བོད་མིའི་འཐབ་རྩོད་ཐོག་ཞབས་ཞུ་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བར་ངོས་འཛིན་ཞུ་འདོད་བྱུང། ཕྲན་གྱིས་རེ་བར་དེ་རིང་ངས་གང་བརྗོད་པའི་བསམ་ཚུལ་དེ་དག་ནང་ཚགས་ཀྱི་ཐོགས་ནས་གོ་བ་ལེན་རྒྱུ་དང། ཕྲན་རང་བོད་མི་ལས་བྱེད་རྒན་གྲས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་དངོས་སུ་ཉམས་མྱོང་བྱུང་བར་བརྟེན། གཅིག་བྱས་ན་ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་མཁན་ཚོ་ལས་བོད་མིའི་སྒྲིག་འཛུགས་སྐོར་མཐོང་ཐོས་ཀྱི་ཉམས་མྱོང་ཕྲན་བུ་མང་བ་ཡོད།

རྒྱ་བོད་མི་རིགས་གཉིས་དབར་གྱི་བྱུང་རབས་ལོ་རྒྱུས་ཀྱི་འབྲེལ་བ་དེ་དག་ཧ་ཅང་རྙོག་འཛིན་ཅན་ཞིག་ཡིན། དེར་བརྟེན་འབྲེལ་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གསར་པ་དང་སྦྱར་ནས་ཕྱོགས་བསྡོམས་རྒྱག་ཐབས་མེད། གལ་ཏེ་དེ་ལྟར་བྱས་ཚེ་དོན་དངོས་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར་མཐོང་ཕྱོགས་ལ་བྱུང་རབས་ལོ་རྒྱུས་སྐོར་སློབ་སྦྱོང་འདང་ངེས་ཤིག་བྱས་མེད་པའི་རྣམ་འགྱུར་དུ་འགྲོ་སྲིད། པེ་ཅིང་དུ་ཡོད་པའི་ང་ཚོའི་ཆོས་གྲོགས་ཚོས་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགོ་ཁྲིད་ཚོར་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་བྱ་རྒྱུའི་ཆ་རྐྱེན་དུ་བོད་ཀྱི་འཐབ་རྩོད་དེར་རྒྱབ་སྐྱོར་བྱས་ཚེ། རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་གྱི་ཡོད་པའི་ལམ་སྟོན་ནོར་བ་དེ་འདོན་བཞིན་ཡོད། སྲིད་བྱུས་དེ་བོད་ཐོག་སྦྱར་བ་དེ་ནོར་འཁྲུལ་རེད། ད་ལྟའི་རྒྱ་བོད་ཀྱི་འབྲེལ་བའི་རྐང་ཐུག་ས་དེ་ཕྱི་ལོ་ ༡༩༤༩།༡༩༥༠ ནང་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་དང་ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བའི་བཅིངས་བཀྲོལ་གཏོང་ཆེད་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བོད་མིའི་ཐོག་བཙན་དབང་གིས་བཞག་རྗེས་བྱུང་བ་ཞིག་ཡིན།   སྐབས་འདིར་ཨེ་ཤི་ཡ་དང་ཡུ་རོབ། ཨ་རི། དེ་བཞིན་བཙན་བྱོལ་བོད་མིའི་འགོ་ཁྲིད་སོགས་ཀྱིས་གཙོས་རྒྱལ་ཁབ་མང་པོའི་སྲིད་གཞུང་ལ་བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་འདྲ་བཟུང་རྒྱུའི་འདམ་ཁ་རྒྱག་རྒྱུར་ཕན་གནོད་ཆེན་པོ་འབྲེལ་བའི་གནད་དོན་འགའ་ཞིག་ཞུ་འདོད་བྱུང་།   ངས་ཞུ་རྒྱུའི་གནད་དོན་ཧ་ཅང་གལ་ཆེན་པོ་གསུམ་ཡོད་པ་རྣམས་ནི།

༡༽ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྣམ་འགྱུར་སྟོན་ཕྱོགས།
༢༽ རྒྱ་ནག་གཞུང་གིས་བོད་མིའི་རང་སྐྱོང་གི་གནས་བབས་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས།
༣༽ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས། བཅས་ཡིན།

ཐོག་མར་ཕྲན་ནས་གོང་དུ་བརྗོད་ཟིན་པ་ལྟར་རྒྱལ་ཁབ་འགའ་རེར་འཕྲུལ་སྣང་དབང་གིས་བོད་ཐོག་གུ་ཡངས་དང་ཚད་ལྡན་གྱི་སྲིད་བྱུས་འཛིན་རྒྱུར་དཀའ་ངལ་འཕྲད་དེ་ཅི་བྱ་གཏོལ་མེད་དུ་གྱུར་བཞིན་ཡོད། འཁྲུལ་སྣང་དེ་ངས་གསལ་བཤད་ཞུ་རྒྱུ་དང། འཁྲུལ་སྣང་དེ་སྤྱིར་སྟངས་ཡོངས་གྲགས་ཤིག་ཆགས་ཡོད་ཀྱང་དེར་གོ་བ་ལོག་བསྒྲུབ་བྱེད་བཞིན་ཡོད་པ་ནི། རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཡིན། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ཡོངས་གྲགས་བྱས་པ་ནི་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་མཐུན་གྱིས་རྟོགས་ཞིབ་དང་ཐེ་བྱུས་བྱ་རྒྱུ་སོགས་ལ་འགོག་རྐྱེན་བཟོ་ཆེད་ཡིན།

ཁྱེད་ཚོས་མཁྱེན་དགོས་པ་ཞིག་ལ་རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཕྱི་ལོ་༡༩༧༠ འགོ་སྟོད་སྐབས་བཟོས་པ་ཞིག་རེད། སྲིད་བྱུས་དེ་ཨ་རིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་འགོ་འཛུགས་བྱ་རྒྱུ་ཙམ་མ་ཟད། རྒྱ་ནག་དང་འབྲེལ་བའི་ཐེ་ཝན་གྱི་གནད་དོན་ཐོག་ཨ་རིའི་ལངས་ཕྱོགས་ཇི་ཡིན་གྱི་རྣམ་པ་གསལ་སྟོན་ཆེད་བེད་སྤྱོད་བྱས་ཡོད། རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་ཨ་རིའི་སྲིད་གཞུང་ལ་ཐེ་ཝན་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་བཟོ་དགོས་པའི་དགོས་འདུན་བཏོན་པར། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་རི་ཆ་ཌ་ནིག་སོན་མཆོག་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལས་རོགས་སྐུ་ཞབས་ཧན་རི་ཀི་སིང་གར་རྣམ་གཉིས་ཀྱིས་རྒྱ་ནག་གི་སྲིད་བློན་ཊའུ་ཨན་ལའི་དང་དམར་པོའི་གཙོ་འཛིན་མའོ་ཙེ་ཏུང་གཉིས་དང་ཐུག་འཕྲད་ཀྱིས་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཉིས་ཀྱི་ལངས་ཕྱོགས་འཛིན་གྱི་མེད་སྐོར་གསལ་བཤད་གནང་ཡོད།  ཕྱི་ལོ་༡༩༧༢ ལོར་ཤང་ཧེ་གསལ་བསྒྲགས་ནང་དུ་ཨ་རིས་ཐབས་མཁས་ཐོག་ནས་ཐེ་ཝན་མཚོ་གླིང་གི་ཕྱོགས་གཉིས་སུ་གནས་པའི་རྒྱ་རིགས་ཚང་མས་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པའི་ལངས་ཕྱོགས་དེར་ཨ་རིས་དགག་བྱ་གང་ཡང་ཞུ་རྒྱུ་མིན། ཞེས་འཁོད་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་པར་བརྟེན་ཕྱི་ལོ་༡༩༧༩ ཕྱི་ཟླ་༡ ཚེས་༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་དབར་ཟུང་འབྲེལ་གསལ་བསྒྲགས་ཐོག་ནས་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་ཐུབ་པ་མ་ཟད། ལོ་དེར་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་ཀྱང་འཇོག་ཐུབ་པ་བྱུང་ཡོད།  ཕྱི་ལོ་༡༩༧༩ ལོའི་གྲོས་མཐུན་ནང་ཨ་རིས་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱ་ནག་གཅིག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་བཞག་པ་བརྒྱུད། ཐེ་ཝན་གྱི་ད་ལྟའི་གནས་བབས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་འཁོད་ཡོད། ཨ་རིའི་སྲིད་གཞུང་རིམ་པས་རྒྱ་ནག་གཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་བཞིན་ཡོད་པ་བསྐྱར་ནན་ལན་མང་བྱས་ཡོད་པ་མ་ཟད། སྐབས་རེ་གོང་བརྗོད་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་ལུང་འདྲེན་བྱས་པ་དང། ཡང་ན་ཐེ་ཝན་གྱི་གནས་བབ་ཐོག་འགྱུར་བ་མེད་པའི་ལངས་ཕྱོགས་སོགས་ཀྱང་ལུང་འདྲེན་བྱས་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་དེ་བཞིན་ཨར་རྒྱ་དང་། ཨ་རི་དང་ཐེ་ཝན་དབར་གྱི་འབྲེལ་ལམ་ལ་དམིགས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན་ནའང་། པེ་ཅིང་སྲིད་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་དང་གཞུང་འབྲེལ་གསར་འཛུགས་བྱས་པའམ། ཡང་ན་འབྲེལ་ལམ་རྒྱུན་སྲིང་བྱེད་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་དེར་ངོས་ལེན་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་བཞིན་ཡོད། གླེང་སློང་འདི་བོད་དང་འབྲེལ་བ་གང་ཡོད། རྒྱ་བོད་འབྲེལ་ལམ་གྱི་གཞི་རྩ་འཛིན་ས་གཟིགས་དགོས་ན།  གོང་བརྗོད་གྲོས་མཐུན་དོན་ཚན་བཅུ་བདུན་ལས་ཕྱི་ལོ་༡༩༧༢ ལོར་བཞག་པའི་ཤང་ཧེའི་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་མིན། ངས་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དེ་བོད་དང་འབྲེལ་བ་ཆགས་ཀྱི་མེད་པའི་སྐོར་ཞུ་འདོད་བྱུང། ང་ཚོས་རྒྱ་ནག་གི་སྲིད་གཞུང་མཚོན་གྱི་ཡོད། ཅེས་བོད་མིའི་སྲིད་གཞུང་སུས་ཀྱང་ནམ་ཡང་བརྗོད་མྱོང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྟོན་པའི་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དང། ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་སྐོར་དེ་བོད་དང་འབྲེལ་བ་གང་ཡང་ཆགས་ཀྱི་མེད། རང་བཙན་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་བྱུང་རབས་ཐོག་ང་ཚོ་དང་རྒྱ་ནག་དབུ་ཁྲིད་དབར་བསམ་ཚུལ་མི་མཐུན་པ་ཡོད་ཀྱང། ཁྱེད་རྣམ་པས་གསལ་པོར་མཁྱེན་གསལ་ལྟར་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་འཆར་སྣང་དང་བཀའ་སློབ་བཅས་ཚང་མའི་ནང་བོད་ཀྱི་གནད་དོན་སེལ་ཆེད་ད་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་ནག་གོང་བུ་ཆིག་སྒྲིལ་ལ་བརྩི་སྲུང་བྱེད་དགོས་པ་གསལ་ཡོད། ཐབས་ལམ་དེ་ལག་བསྟར་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད།
གནས་ཚུལ་ཡོང་ཁུངས་བོད་གཞུང་དྲ་གནས།

ཁྱེད་ཀྱིས་གཟིགས་མེད་སྲིད།