སྦེལ་ཀོབ་རང་བདེན་ཚོགས་ཆུང་ཁྲིམས་མཐུན་ཡིན་ཞེས་བརྗོད་སོང་།
དེང་སྐབས་སྦེལ་ཀོབ་རང་བདེན་ཚོགས་ཆུང་ལ་ཚོགས་མི་ཡོད་མེད་སོགས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་ད་། ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་སྐྱ་གསོལ་མགྲོན་ཁང་དུ་སྦེལ་ཀོབ་སྤྱི་ཚོགས་འགུལ་སྐྱོད་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།
ཚོགས་པ་དེའི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་བསྒྲགས་ཡིག་སྒྲོགས་སྦྱང་བྱས་པའི་ནང་། སྦེལ་ཀོབ་ས་གནས་སུ་ད་བར་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་ཚད་ལྡན་ཞིག་ཚུགས་ཐུབ་མེད་པ་དང་། ད་ཡོད་རང་བདེན་ཚོགས་ཆུང་ནང་མི་གསུམ་ལས་མེད་པ། དེའི་ནང་གཞིས་ཆགས་གསར་འབའི་འཐུས་མི་མེད་པ། ཚོགས་གཙོ་ཡང་མེད་ཅེས་གསལ་འདུག
ད་དུང་གསལ་བསྒྲགས་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༠ པ་ནང་གསལ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༨༡ ནས་༨༤ བར་ཀྱི་ནང་གསལ་ཡོངས་རྫོགས་དང་འགལ་ཡོད་ཅེས་དོན་ཚན་ཁག་ཅིག་བཀོད་དེ། ས་གནས་སུ་འོས་བསྡུ་ཐེངས་གཉིས་ལ་བྱེད་མ་ཐུབ་པའི་རྐྱེན་རྩ་གང་ཡིན་“དབུས་འོས་བསྡུ་ལས་ཁང་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་མཐིལ་ཕྱིན་གནང་ཡོད་དམ་”ཅེས་འཁོད་འདུག་པ་དང་། ཡང་“ང་ཚོའི་སྦེལ་ཀོབ་གཞིས་ཆགས་ནང་ས་འཐུས་ཚོགས་འདུ་དང་རང་བདེན་ཚོགས་ཆུང་སྲ་བརྟན་སྒྲིག་མཐུན་ཞིག་བཙུགས་ཐུབ་མེད་པར་ང་ཚོ་བོད་མིའི་ལས་འགན་འགྲུབ་མེད་པ་དང་ཟོལ་འཇོག་བྱས་པར་གསལ།”ཞེས་ས་གནས་མི་མང་གིས་“ས་གནས་སུ་བོད་མིའི་མང་གཙོ་ཀ་བ་གསུམ་ལྡན་གྱི་མཚན་ཉིན་ཚད་ལྡན་ཞིག་ཡོང་བར་ཚང་མས་ཕྱར་གྲུ་མཉམ་འདེགས་འབད་གལ་ཆེ་བ་མ་ལགས་སམ།”ཞེས་ད་ལན་ས་གནས་སུ་སྤྱི་འཐུས་གཟིགས་སྐོར་བ་རྣམ་གཉིས་ཀྱིས་དཀའ་ངལ་སེལ་ནས་ཁྲིམས་སྒྲིག་གཞིར་བཟུང་ལམ་ཆེན་ཐོག་འཇུག་གནང་ཐུ་པའི་རེ་བ་དང་ཡིད་ཆེ་ཡོད་ཅེས་བྲིས་འདུག
གསར་འགོད་པས་ས་ས་གནས་རང་བདེན་ཚོགས་ཚོགས་ཆུང་གི་གནས་ཚུལ་གསལ་པོ་ཤེས་རྟོགས་ཆེད་རང་བདེན་ཚོགས་ཆུང་གི་ཚོགས་མི་ཐོས་པ་ལ་བཅར་འདྲི་བྱས་སྐབས། ཐོས་པས་བཤད་དོན། “སྤྱིར་བཏང་ད་ལྟའི་ས་གནས་རང་བདེན་ཚོགས་ཆུང་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་མ་བྱས་སྔོན་ནས་བོད་གཞུང་གི་བཀའ་བློན་ཁྲི་པ་སྐལ་བཟང་ཡེ་ཤེས་དང་ལྡི་ལི་དོན་གཅོད་བཀྲ་ཤིས་དབང་འདུས་རྣམ་གཉིས་ཀྱི་འགན་ཁུར་ནས། སྐབས་དེའི་ས་གནས་འགོ་འཛིན་བཅས་ཀྱིས་ས་གནས་ཀྱི་གནས་བབ་ལ་བལྟས་ནས་བཙུགས་པ་ཞིག་རེད། དེ་རྗེས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ང་ཚོར་ད་ལྟ་བར་དུ་ལག་ཁྱེར་གནང་ནས་ང་ཚོས་ལས་ཀ་བྱེད་ཀྱི་ཡོད་རེད། ང་ཚོས་དངུལ་བླངས་པ་དེ་དག་དཔལ་འབྱོར་ལས་ཁུངས་ནས་བཞེས་ཀྱི་ཡོད་རེད། ང་ཚོས་མིང་རྟགས་བརྒྱབ་པ་དང་རྒྱབ་གཉེར་སྤྲད་པ་དེ་དག་བོད་གཞུང་གིས་ངོས་ལེན་གནང་གི་ཡོད་རེད། འདི་ཚོའི་ཐོག་ནས་ང་ཚོའི་ཚོགས་ཆུང་ཁྲིམས་སྒྲིག་དང་མཐུན་པ་ཞིག་ལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། ང་ཚོའི་ཚོགས་མི་མང་པོ་ཞིག་གིས་དགོངས་ཞུ་ཡིན་ཟེར་ནས་འགྲོ་ཡི་ཡོད་པ་རེད། དེ་ཁྲིམས་སྒྲིག་དང་མཐུན་པ་ཞིག་གི་ཐོག་ནས་ཕྱིན་པ་ཞིག་མ་རེད། སྒྲིག་འགལ་རེད། ད་དུང་འགའ་རེ་ལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་མུ་མཐུད་ལས་ཀ་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་ན་ཡང་། ལས་ཀ་བྱེད་ཀྱི་ཡོད་པ་མ་རེད། གང་ལྟར་ཚོགས་ཆུང་ནས་དགོངས་པ་ཞུ་མཁན་ཁོ་རང་ཚོས་འགན་ཁུར་དགོས་རེད་མ་གཏོགས་ཚོགས་ཆུང་ལ་འབྲེལ་བ་ཡོད་པ་མ་རེད་བསམ་གྱི་འདུག་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་བརྗོད་དོན། གཞན་པ་ས་གནས་མི་མང་དང་འགོ་ཁྲིད་ཚོས་འགན་ཁུར་གྱི་ཡོད་མ་རེད་ཟེར་ན་ཡང་བདེན་པ་མ་ཡིན་པ་ཞིག་མ་རེད། དཔེར་ན། ས་གནས་སུ་ཚོགས་ཆུང་འོས་བསྡུ་བྱེད་ཀྱི་ཡིན་ཟེར་ཀྱི་ཡོད་རེད། ཡིན་ཡང་བཅའ་ཁྲིམས་ཀྱི་དོན་ཚན་གཅིག་ཁོ་ན་ལ་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། དོན་ཚན་གཞན་གྱི་ནང་ན་ང་ཚོའི་ས་གནས་སུ་དཀའ་ངལ་སེལ་ཐུབ་པའི་ལམ་ཁ་ཡོད་རེད། དཔེར་ན། བཅའ་ཁྲིམས་དོན་ཚན་༦༠ པའི་ནང་གསེས་༤ པར་“གོང་གསལ་ནང་གསེས་༡ ནང་གསལ་སྒྲིག་གཞི་གཞིར་བཟུང་ཚོགས་ཆུང་འཛུགས་མི་ཐུབ་པའི་རིགས་ལ་ད་མུས་སྒྲིག་འཛུགས་ཇི་ཡོད་སྤྱི་ལྷན་ནས་དམིགས་བསལ་ཆོག་མཆན་གནང་འཐུས།” ཞེས་འཁོད་འདུག འདི་ཚོ་ས་གནས་འོས་བསྡུ་ལས་ཁང་དང་ས་གནས་འགོ་འཛིན་གྱིས་ལག་བསྟར་ཐུབ་མིན་ལ་གཟིགས་པ་ཡིན་ན། ཁྲིམས་སྒྲིག་དང་མཐུན་པ་ཞིག་ཡོང་གི་རེད། བཅའ་ཁྲིམས་ནང་ལ་དེ་འདྲ་གསལ་བས་མ་ཚད་འོས་བསྡུའི་སྒྲིགས་གཞིའི་དོན་ཚན་༨༤ པའི་ནང་གསེས་༧ པའི་ནང་། “གོང་གསལ་སྒྲིག་དོན་ལྟར་ཕྱག་ལེན་མི་ཐུབ་པའི་རིགས་ལ་བཅའ་ཁྲིམས་དོན་ཚན་༦༠ ནང་གསེས་༤ ནང་གསལ་བྱ་འཐུས།”ཞེས་འཁོད་པ་རེད་ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་གསུང་དོན། ས་གནས་སུ་དངོས་ཡོད་གནས་ཚུལ་ལ་གཟིགས་ནས་དཀའ་ངལ་ཞིག་སེལ་དགོས་ཀྱི་ཡོད་ན། ལམ་ཁ་ཡོད་ས་དེར་འགྲོ་དགོས་རེད་བསམ་གྱི་འདུག ཡིན་གཅིག་མིན་གཉིས་དཀའ་ལས་ཁག་པོ་ཞིག་གི་ཐོག་ལ་ཨུ་ཚུགས་བྱས་སྡད་པ་ཡིན་ན། དེའི་དམིགས་ཡུལ་དེ་ཡང་ས་གནས་མི་མང་གི་མཐུན་ལམ་དང་། མི་མང་གི་དཀའ་ངལ་སེལ་ཆེད་དུ་འགྲོ་མི་འགྲོ་བཤད་ཚོད་དཀའ་མོ་རེད་བསམ་གྱི་ཡོད། ཅེས་དང་། ཡང་ཉེ་ཆར་ང་ཚོའི་དྲུང་ཡིག་དང་དངུལ་རྩིས་པས་དགོངས་ཞུ་ཡིན་ཟེར་ནས་ལས་ཀ་མཚམས་བཞག་པ་རེད་དེ། སྤྱི་འཐུས་རྒྱུན་ལས་ནས་དགོངས་ཁྲོལ་གནང་མི་འདུག ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ཁོང་གཉིས་ལ་ལས་ཀ་ལས་རོགས་གྱིས་ཟེར་ནས་རེ་སྐུལ་ཞུས་པ་རེད་དེ་ལས་ཀ་བྱས་ཡོད་པ་མ་རེད། དེ་ནས་ང་དང་ཟླ་ནོར་ས་གནས་འགོ་འཛིན་རྣམ་གཉིས་བཅས་ཐེངས་མ་བཞི་ལྷག་ཅིག་ལ་གྲོས་བསྡུར་བྱས། རང་བདེན་ཚོགས་ཆུང་གི་སྒྲིག་གཞི་བཞིན་ས་གནས་ཀྱི་ཐག་གཅོད་ག་རེ་བྱས་པ་སྤྱི་འཐུས་རྒྱུན་ལས་ལ་དགོངས་སྐོར་ཞུས་པ་ཡིན། ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ཤེས་ཀྱི་རེད། སྤྱི་འཐུས་ནས་རང་བདེན་ཚོགས་ཆུང་དང་ས་གནས་འགོ་འཛིན་ལས་ཁང་བཅས་ཀྱི་ཐག་ཆོད་ལ་ད་དུང་ཆོག་མཆན་ཐོབ་མ་སོང་། ས་གནས་སུ་སྤྱི་འཐུས་གཟིགས་སྐོར་པ་གཉིས་ཀྱིས་ད་ལྟ་གཟིགས་ཞིབ་གནང་བཞིན་པའི་སྒང་རེད། དེ་ནས་ཐག་ཆོད་ཡོང་གི་རེད། གནས་ཚུལ་མགོ་མ་ཚོས་པ་ཚོས་ག་རེ་ཡིན་ནའང་ཟེར་ཀྱི་རེད། དེ་ཚོར་ཁག་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་ཚོས་ཁྲིམས་སྒྲིག་ཟེར་སྡོད་པ་ལས་དོན་དག་ངོ་མ་མགོ་ཚོས་ཀྱི་ཡོད་པ་མ་རེད་ཅེས་བརྗོད་སོང་།
ཡང་ཁོང་གིས། ད་ལྟ་ང་ཚོས་ས་གནས་འགོ་འཛིན་རྣམ་པའི་ཐུགས་རེ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་དགོངས་བཞིན་མི་མང་ལ་དཀའ་ངམ་མི་འཕྲད་པའི་ཆེད་དུ་ཚོགས་ཆུང་གི་སྒྲིག་གཞི་ལ་བལྟས་ནས་ལས་ཀ་གང་བྱེད་ཐུབ་པ་དེ་བྱེད་ཀྱིན་ཡོད། མི་ལག་གིས་འདང་གི་ཡོད་པ་མ་རེད། ང་ཚོ་མི་གསུམ་ཡོད་རེད་དེ། སྐུ་ཞབས་རྒྱ་མཚོ་ས་གནས་སུ་ཡོད་པ་མ་རེད། སྒྲིག་གཞིའི་ནང་ཚོགས་ཆུང་ལ་ཉུང་མཐའ་མི་གསུམ་རེད། ང་ཚོ་ནང་ཁུལ་གྲོས་བསྡུར་བྱས་ནས་ང་ཚོགས་གཙོ་དང་། ཟླ་ནོར་དྲུང་ཆེ་འདྲ་པོ་བྱེད་ཁུལ་ཡིན། དེ་ནས་ང་ཚོས་ཀྱང་སྤྱི་འཐུས་གཟིགས་སྐོར་པ་གཉིས་ལ་ཁྲིམས་སྒྲིག་བཞིན་ས་གནས་ཀྱི་དཀའ་ངལ་ཐག་གཅོད་དགོས་པའི་སྙན་ཞུ་ཕུལ་ཡོད།” ཅེས་བརྗོད་སོང་།
བོད་མི་མང་སྤྱི་འཐུས་གཟིགས་སྐོར་བ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་བཅས་ལ་རང་བདེན་ཚོགས་ཆུང་ནས་སྙན་ཞུ་ཕུལ་བའི་ནང་། “གནས་སྟངས་འདི་མུས་སྡོད་ཐབས་མེད་པས་བཅའ་ཁྲིམས་རིན་པོ་ཆེ་དོན་ཚན་ ༦༠ པའི་ནང་གསེས་ ༤ པའི་དགོངས་དོན་བཞིན། ས་གནས་སུ་ད་མུས་སྒྲིག་འཛུགས་ཇི་ཡོད་དཔེར་ན་ཆོལ་ཁོངས་སོ་སོ་ནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ཡོད་ཐོག ཚོགས་མི་དེ་དག་ལ་བོད་མི་མང་སྤྱི་འཐུས་ནས་ལོ་ལྟར་རང་བདེན་ཚོགས་ཆུང་གི་ཚོགས་མིའི་ཕྱག་ཁྱེར་བསྩལ་བའི་ལམ་སྲོལ་དང་སྒྲིག་འཛུགས་གང་ཡོད་ལྟར། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་དགོངས་ཞུ་ཟིན་པ་དག་གི་འཐུས་ཚབ་གསར་བ་མྱུར་ཏུ་བསྐོ་འཇོག་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།” ཅེས་འཁོད་འདུག ས་གནས་སུ་བོད་མི་མང་སྤྱི་འཐུས་གཟིགས་སྐོར་བ་རྣམ་གཉིས་ཀྱིས་ཟླ་འདིའི་ཚེས་ ༤ ཉིན་རང་བདེན་ཚོགས་ཆུང་གི་སྐོར་ལ་ས་གནས་འགོ་འཛིན་གཉིས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་བཞུགས་མོལ་ཚོགས་འདུ་བསྡུ་བསྐོང་བྱེད་རྒྱུ་ཡིན་པ་རེད་འདུག