ཝཱཎ་མཐོང་སློབ་སྒྱུ་རྩལ་སློབ་གཉེར་བ་གསར་བསྡུ།

༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༢-༢༠༡༣ ལོའི་སློབ་དུས་རིང་སྒྱུ་རྩལ་སློབ་གཉེར་བ་གསར་འཇུག་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས།

ཁ་པར་ཨང་། ༠༥༤༢-༢༥༨༥༢༤༢། ༢༥༨༡༧༣༧    མྱུར་འཕྲིན་ཨང་།  ༠༥༤༢-༢༥༨༥༡༥༠

༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༢-༢༠༡༣ སློབ་དུས་རིང་གི་སྒྱུ་རྩལ་སྔོན་འགྲོ་ལོ་དང་པོའི་ནང་འཛུལ་ཞུགས་བྱ་རྒྱུའི་ཚུད་རྒྱུགས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢།༣།༤ བཅས་སོ་སོར་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་ཁེལ་བ་ཡིན། འཛུལ་རྒྱུགས་ཐོན་རིགས་ཁོངས་ནས་སྒྲིག་གཞི་གཞིར་བཟུང་རི་མོ་དང་ཤིང་བརྐོས་ནང་སློབ་གཉེར་བ་ལྔ་རེ་སློབ་འཇུག་བྱ་རྒྱུ་ཡིན། དེ་ཡང་རི་མོ་དང་ཤིང་བརྐོས་ཆེད་སྔོན་འགྲོ་ལོ་གཉིས་དང་དེ་རྗེས་སྒྱུ་རྩལ་བསྟན་བཅོས་ལོ་གསུམ་དང་སྒྱུ་རྩལ་སློབ་དཔོན་ལོ་གཉིས་བཅས་ཡོད། སྒྱུ་རྩལ་གྱི་སློབ་ཚན་ཁག་ནི་རི་མོ་དང་ཤིང་བཟོའི་སྦྱོང་བརྡར་སྤྲོད་རྒྱུ་ཙམ་མིན་པར་སློབ་ཚན་གཞན་ཁག་ཀྱང་ཡོད་པ་གཤམ་གསལ་ལྟར་ཡིན། དེ་ལྟར་བཀོད་སྒྲིག་བྱེད་དགོས་དོན་ནི་སྒྱུ་རྩལ་ཙམ་མིན་པར་ཆ་རྐྱེན་གཞན་དུ་མ་ཞིག་དང་ལྡན་པའི་སྒྱུ་རྩལ་བ་ཞིག་ཏུ་འགྱུར་རྒྱུར་དམིགས་པ་ཡིན་པས་འབྲེལ་ཡོད་རྣམས་ཀྱིས་གཤམ་གསལ་དོན་ཚན་ཁག་ལ་ཐུགས་སྣང་གིས་འབྲེལ་བ་གནང་ཆོག་པ་ཡིན།
སློབ་ཚན་ཁག
ཀ༽    རི་མོའམ་ཤིང་བརྐོས་སྒྱུ་རྩལ།
ཁ༽    སྒྱུ་རྩལ་གྱི་ལོ་རྒྱུས་དང་ལྟ་གྲུབ།
ག༽    བོད་ཀྱི་བརྡ་སྤྲོད་དང་སྙན་ངག
ང༽    ནང་ཆོས་དང་ལྟ་གྲུབ།
ཅ༽    དབྱིན་ཇིའམ་ཧིནདཱི་སྐད་གང་རུང་།
སློབ་རིམ་དེར་སློབ་འཇུག་ཆ་རྐྱེན་ཚང་དགོས་རིགས།
༡༽    ཞུགས་བློ་ཡོད་རིགས་ཀྱི་སློབ་གཉེར་བ་རྣམས་རྒྱ་གར་དབུས་གཞུང་སམ་མངའ་སྡེ་གཞུང་གི་རྒྱུགས་སྤྲོད་ལྷན་ཚོགས་ནས་འཛིན་རིམ་བཅུ་པ་ཐོན་པའམ། དེ་མིན་ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པ་མཐར་སོན་པ།
༢༽    འཛིན་རིམ་བཅུ་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བཅུ་པ་ཐོན་ཅིང་བོད་སྐད་ཤེས་ཚད་འཛིན་རིམ་བཅུ་པ་དང་མཉམ་པར་ཡོད་པའི་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡོད་པ་དང་། དབྱིན་ཧིན་གང་རུང་གཅིག་གི་ཤེས་ཚད་ཀྱང་འཛིན་རིམ་བཅུ་པ་དང་མཉམ་པ།
༣༽    ཞུགས་འདོད་ཡོད་རིགས་རྣམས་གོང་གསལ་བརྡ་སྤྲོད། རིགས་གནས། སྐད་ཡིག སྒྱུ་རྩལ་གྱི་ལྟ་གྲུབ་བཅས་ཀྱི་ཆ་རྐྱེན་དང་སྦྲགས་སྒྱུ་རྩལ་སྦྱོང་འདོད་ཀྱི་འདུན་པ་ཤུགས་དྲག་ཡོད་པ།
༤༽    རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་བཅས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།
གོང་གསལ་སློབ་ཚན་ནང་འཛུལ་བློ་ཡོད་རིགས་ཀྱི་སློབ་གཉེར་བ་ཕོ་མོ་ཁྱད་མེད་ཆ་རྐྱེན་ཚང་རིགས་རྣམས་ནས་གསར་ཞུགས་སྙན་ཞུའི་འགེངས་ཤོག་དང་འཛུལ་རྒྱུགས་སློབ་ཚན་བཅས་གཙུག་ལག་སློབ་གཉེར་ཁང་གི་དྲ་རྒྱ་(www.cuts.ac.in)ནས་ཕབ་ལེན་གྱིས་འགེངས་ཤོག་ལེགས་པར་བཀང་སྟེ་རྒྱུགས་སྤྲོད་ཨང་ཤོག་དང་། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དེ་བཞིན་དབང་པོ་སྐྱོན་ཅན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་བཅས་མཉམ་སྦྱར་གྱིས་ཧིན་སྒོར་༥༠།༠༠ཐམ་པའི་དངུལ་ཁང་གི་ཊབ་འཛིན་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་མཚན་ཐོག་ (Registrar, Central University of Tibetan Studies) བཟོས་ཏེ་ ༢༠༡༢།༦།༡༠ ཚུན་འདི་གའི་རིགས་དྲུང་ལས་ཁུངས་སུ་གཤམ་གསལ་ཁ་བྱང་ཐོག་འབྱོར་དགོས། འགེངས་ཤོག་འདི་གར་འབྱོར་མཚམས་ཞུ་དག་གིས་ཁུངས་སོ་སོར་བརྡ་ཐོ་གཏང་རྒྱུ་ཡིན། རྗེས་ལུས་གྱུར་ཚེ་འགྱངས་ཆད་ཧིན་སྒོར་ ༢༥།༠༠ དང་སྦྲགས་ ༢༠༡༢།༦།༡༥ ཚུན་འདི་གར་ངེས་པར་འབྱོར་དགོས།
Registrar, Central University of Tibetan Studies
Sarnath, Varanasi, 221007 U.P.
འགེངས་ཤོག་ཚད་ལྡན་མ་བཀང་བ་དང་། གོང་གསལ་དུས་བཀག་གི་ཚེས་གྲངས་ལས་འདས་རྗེས་སུ་འབྱོར་བའི་སྙན་ཞུའི་རིགས་ལ་བསམ་ཞིབ་བྱ་རྒྱུ་མིན་ཞིང་། འགེངས་ཤོག་གི་དོད་ཀྱང་ཕྱིར་སློག་བྱ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།