རྒྱ་དར་ལ་བརྩི་བཀུར་ཡོད་ཅེས་སྔོན་བརྡ་གཏོང་ཆེད་དུ་ཡིན།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། ལོ་འདིའི་སུམ་ཅུའི་དུས་དྲན་ཉིན་ནས་འགོ་བརྩམས་ཏེ། བོད་བར་ཞི་བའི་གོམ་བགྲོད་ཀྱིས་ཟླ་བ་༡ དང་ཉི་མ་༢༧ སོང་ཡོད་པ་དང་། ཟླ་འདིའི་ཚེས་༣ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁོང་ལ་བཅར་འདྲི་བྱས་པ་ཡིན།
དྲི་བ། ལམ་བར་ནས་དཀའ་ངལ་ཆེ་ཤོས་དེ་གང་གི་ཐད་ནས་འཕྲད་སོང་།
ལན། དམིགས་བསལ་གྱི་དཀའ་ངལ་དེ་འདྲ་འཕྲད་མ་སོང་། ཡིན་ན་ཡང་ང་རང་གི་ཨ་མ་བོད་ནས་སླེབས་ཏེ་ལོ་༢ མ་གཏོགས་འགྲོ་ཡི་མེད་པས། རྒྱ་གར་གྱི་ཁ་ལག་མི་འཕྲོད་པའི་དཀའ་ངལ་འདུག དེར་བརྟེན་ང་ཚོས་ལམ་བར་ནས་ཁ་ལག་བཟོ་ཞོར་དུ་འགྲོ་ཡི་ཡོད། ཡང་དཀའ་ངལ་གཞན་པ་ཞིག ཉི་མ་ཁ་ཤས་ཀྱི་སྔོན་ནས་ཨ་མར་ཚ་བ་བརྒྱབ་ཏེ། ད་ལྟའི་ཆར་ཚ་བའི་ནད་ཤུགས་ཆེ་རུ་འགྲོ་ཡི་འདུག ཨ་མ་སྨན་ཁང་དུ་ཁྲིད་དགོས་བྱུང་སོང་། དྷ་རམ་ས་ནས་བརྩིས་པ་ཡིན་ན་ལེ་དབར་༡༣༢༠ བརྒལ་ཏེ་མི་འགྱངས་བར་རྒོ་ར་པུར་ལ་སླེབས་གྲབས་ཡོད།
དྲི་བ། ཁྱེད་རང་ཚོ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་སླེབས་གྲབས་ཡོད་དུས། དམིགས་བསལ་གྱིས་ཉེན་རྟོག་པ་དེ་འདྲས་བཀག་འགོག་གི་ཉེན་ཁ་དེ་འདྲ་མཐོང་སོང་ངམ།
ལན། སྤྱིར་བཏང་སྔོན་མ་རྒྱ་གར་གྱི་ཉེན་རྟོག་པ་ཚོས་ལྡི་ལིར་མ་སླེབས་གོང་དུ་ཆུ་ཚོད་༡༣ ལ་ལམ་བར་ནས་བཀག་པ་རེད་མ་གཏོགས། ད་ལྟའི་བར་དུ་དམིགས་བསལ་གྱི་བཀག་འགོག་གི་དཀའ་ངལ་དེ་འདྲ་འཕྲད་ཡོད་པ་མ་རེད། ཉེན་རྟོག་པ་ཚོར་ལམ་ཁ་ནས་ཐུག་དུས་ཁྱེད་རང་ཚོ་གང་དུ་འགྲོ་རྒྱུ་ཡིན་ཞེས་དྲི་བ་ཙམ་མ་གཏོགས། ཁྱེད་རང་ཚོ་འགྲོ་ཆོག་གི་མ་རེད་ཟེར་མཁན་གཅིག་ཀྱང་བྱྱུང་མ་སོང་།
དྲི་བ། ཁྱེད་རང་ཚོས་ལམ་བར་ནས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་འགྲོ་གི་ཡོད་པ་དེར། མི་མང་པོས་བསམ་ཚུལ་འདྲ་མིན་ཞིག་ཡོང་གི་ཡོད་རེད། དེར་བརྟེན། ཁྱེད་རང་ཚོས་གོམ་བགྲོད་སྐབས་རྒྱ་ནག་གི་རྒྱལ་དར་ཁྱེར་དགོས་དོན་གང་ཡིན་ནམ།
ལན། ང་ཚོས་རྒྱ་ནག་གི་རྒྱལ་དར་ཁྱེར་དགོས་དོན་གཙོ་བོ་དེ། སྔོན་མ་ང་ཚོས་གོམ་བགྲོད་འགོ་འཛུགས་སྐབས། མི་མང་པོ་ཞིག་གིས་དྷ་ཤོད་ཀ་ཅ་རི་བར་དུ་འགྲོ་ཐུབ་ཀྱི་མ་རེད་ཟེར་མཁན་དང་། དྷ་རམ་ས་ནས་ལྡི་ལི་བར་དུ་འགྲོ་ཐུབ་ཀྱི་མ་རེད་ཟེར་མཁན་མང་པོ་བྱུང་ཡོད་རེད། ཡིན་ན་ཡང་ང་ཚོས་ས་ཆ་མང་པོ་ཞིག་བརྒལ་ནས་ཡོང་ཡོད་པ་རེད། ཡང་རྒྱུ་མཚན་གཞན་ཞིག་ང་ཚོ་གཞུང་མང་གཉིས་ཀྱིས་ཕྱི་ལོ་༡༩༧༩ ནས་དབུ་མའི་ལམ་གྱི་སྒང་ལ་འགྲོ་རྒྱུར་ཐག་བཅད་ཡོད་རེད། དེར་བརྟེན། ང་རང་གང་ཟག་སྒེར་གྱི་ངོས་ནས་ཀྱང་རྒྱ་གཞུང་གིས་ང་ཚོའི་འདོད་པ་བསྐོངས་པ་ཡིན་ན། མ་འོངས་པར་ང་ཚོ་རྒྱ་གཞུང་གི་མངའ་ཁོངས་སུ་འདུག་འདོད་དང་། རྒྱ་ནག་གི་རྒྱལ་དར་ལ་བརྩི་བཀུར་ཡོད་ཅེས་སྔོན་བརྡ་གཏོང་ཆེད་དུ་ཡིན།
དྲི་བ། ཁྱེད་རང་ཚོས་ས་ཆ་འདྲ་མིན་བརྒལ་ནས་འགྲོ་སྐབས། ལམ་ཁ་ནས་རྒྱ་གར་མི་མང་གིས་ངོས་ལེན་བྱེད་ཕྱོགས་ག་འདྲ་འདུག
ལན། རྒྱ་གར་མི་མང་ལ་ང་རང་གི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། དེ་རིང་དགོང་དྲོར་ཆ་བཞག་ན་ང་ཚོས་ཟ་ཁང་ཞིག་ལ་གནས་ཚང་གཡར་སྐབས་ཡིན་ད་ཡིན་ཟེར་གྱི་འདུག ང་ཚོས་མང་ཆེ་བ་ལྷ་ཁང་དེ་ཚོ་གནས་ཚང་གཡར་ནས་ཡོང་པ་ཡིན། ཚང་མས་རོགས་རམ་དང་དོ་སྣང་ཆེན་པོ་གནང་སོང་ལ། རྒྱ་གར་གྱི་གསར་འགོད་པ་ཚོས་ཀྱང་དོ་སྣང་ཆེན་པོས་བརྒྱུད་ལམ་ཁག་མང་པོར་བཀོད་ཡོད་རེད།