ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ།

kirti2_6_5_2012ཁ་སང་ཞོགས་པར་དྷ་ས་བཞུགས་སྒར་ཀིརྟིའི་བྱིས་པ་གྲྭ་ཚང་དུ། ཀིརྟིའི་དགེ་རྩ་ཚོགས་པའི་འཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང་། ཚོགས་འདུ་འབུ་འབྱེད་མཛད་སྒོའི་ཐོག་བླ་ཆེན་གྱི་མིང་ཁུར་མཁན་ཞིག་ཡིན་ཚེ་རང་ཚུགས་བརྟན་པོ་དགོས་པ་གལ་ཆེན་པོ་རེད་ཅེས་ཉིན་དེའི་སྐུ་མགྲོན་གཙོ་བོ་ཤིང་བཟའ་རིན་པོ་ཆེས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། དྷ་ས་བཞུགས་སྒར་ཀིརྟིའི་བྱིས་པ་གྲྭ་ཚང་དུ་སྐབས་དང་པོའི་ཀིརྟིའི་དགེ་རྩ་ཚོགས་པའི་འཚོགས་ཆེན་ཐེངས་གཉིས་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཐོག་མར་ཤིང་བཟའ་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་དང་འབྲེལ་སྣང་གསལ་མར་མེའི་ཞལ་འབྱེད་ཀྱིས་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་། གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་། ཀིརྟི་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམ་པ། གཞན་ཡང་སྐྱ་སེར་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

kirti2_6_5_2012

དེ་ནས་མཛད་སྒོའི་སྟེང་ཤིང་བཟའ་རིན་པོ་ཆེས་མི་མང་ལ་ལམ་སྟོན་བཀའ་སློབ་གནང་སྐབས། “སྤྱིར་བཏང་ང་ཚོ་བོད་ལ་བླ་སྤྲུལ་རྒན་པ་མང་པོ་ཞིག་ཡོད་རེད། ཡིན་ན་ཡང་ཀིརྟིའི་སྐུ་ཕྲེང་འདི་ཡིན་ན་སོ་སོའི་ངོས་ནས་གུས་ཞབས་བྱེད་ས་གཙོ་བོ་ཞིག་ཡིན། དེ་ཡང་སྐུ་གོང་མའི་འབྲེལ་བ་དེ་འདྲ་རྒྱུ་མཚན་དུ་བྱས་པ་མིན། ནམ་རྒྱུན་ཆབ་སྲིད་གཅིག་པུའི་སྒང་ལ་འགྲོ་མཁན་གྱི་བླ་སྤྲུལ་དང་། ཆོས་ལུགས་གཅིག་པུའི་སྒང་ལ་འགྲོ་མཁན་གྱི་བླ་སྤྲུལ་དེ་འདྲ་ཡང་ཡོད་རེད། ཡིན་ན་ཡང་བླ་སྤྲུལ་ཞིག་ལ་མཚོན་ན་རང་ཚུགས་བརྟན་པོ་ཞིག་དགོས་པ་དེ་གལ་ཆེ་ཤོས་མཐོང་གི་ཡོད། ལྷག་པར་དུ་བླ་ཆེན་གྱི་མིང་ཁུར་མཁན་ཞིག་ཡིན་ཚེ་རང་ཚུགས་བརྟན་པོ་ཞིག་མེད་ན། གཡས་གཡོན་ཚང་མ་ནས་སྐད་ཆ་འདྲ་མིན་ཞིག་བཤད་མཁན་ཡོད་དུས། སྤྱི་ཚོགས་དང་མི་སྒེར་ཚང་མ་ལ་དཀའ་ངལ་བཟོ་ཡི་ཡོད་པ་རེད། དེར་བརྟེན། རིན་པོ་ཆེ་ཡིན་ན་ད་ལྟའི་བར་ཕྱག་ལས་བརྟན་པོ་ཞེ་དྲག་གནང་ཡོད་རེད། ལྷག་པར་དུ་སྔོན་མ་བཀའ་བློན་གནང་ཏེ། ཆབ་སྲིད་ཀྱི་ལས་ཀ་བྱེད་པའི་སྐབས་སུ་ཡང་ཆབ་སྲིད་གཅིག་པུ་མ་ཡིན་པར། གཙོ་བོ་སྐུ་མདུན་གྱི་བཀའ་གཞིར་བཟུང་གིས་བདེན་པ་དང་དྲང་པོའི་ལམ་ནས་ཕྱག་ལས་གནང་ཡོད་དུས། ང་རང་ཡིན་ན་ཆབ་སྲིད་ཀྱི་སྒང་ལ་ལས་ཀ་བྱས་པ་ཡིན་ན་དེ་འདྲའི་བརྟན་པོར་སྡོད་ཐུབ་ཨེ་ཡོང་བསམ་ནས་དོགས་པ་ཡོང་གི་འདུག དེ་དང་ཕྱོགས་མཚུངས་རིན་པོ་ཆེས་སྐུ་ངལ་ཚད་མེད་ཐོག་གྲྭ་ཚང་འདི་འདྲ་ཞིག བཙན་བྱོལ་ནང་དུ་གསར་འཛུགས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཁྱད་པར་རང་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུས་ཡོད་རེད། དེར་བརྟེན། རིན་པོ་ཆེ་ངོས་ནས་ཕྱག་ལས་ག་འདྲ་ཞིག་གནང་པ་ཡིན་ན་ཡང་སོ་སོའི་ངོས་ནས་རྒྱབ་སྐྱོར་བྱེད་ཐུབ་ན་བསམ་ཡོད། དགེ་རྩ་ཚོགས་པའི་ངོས་ནས་ད་ལྟའི་བར་དུ་རིན་པོ་ཆེའི་ལམ་སྟོན་འོག་ཕྱག་ལས་གནང་ཡོད་རེད། ད་དུང་ཡང་ཚང་མས་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་ཕྱག་ལས་གནང་”རོགས་ཞེས་གསུངས་སོང་།

ཡང་ཁོང་གིས་བླ་སློབ་བར་གྱི་དམ་ཚིག་སྲུང་ཕྱོགས་དང་འབྲེལ་ནས་གསུང་དོན།“ང་རང་གི་ཚོར་སྣང་ལྟར་ན། བོད་ནང་དང་བཙན་བྱོལ་ནང་གི་གྲྭ་པ་ཚོའི་བར་ལ་ཁྱད་པར་ཆེན་པོ་ཡོང་གི་འདུག བོད་ནང་དུ་ཡོད་དུས་ང་ཚོ་གྲྭ་པ་ཚང་མ་ལ་ལྷག་བསམ་དང་སེམས་པ་གཙང་མ་ཡོད་རེད། ཡིན་ན་ཡང་བཙན་བྱོལ་དུ་སླེབས་དུས། སེམས་ནང་ལ་དྲན་རྒྱུ་མང་པོ་དང་། རྣམ་རྟོག་འདྲ་མིན་ཞིག་གི་ཐོག་ནས་སོ་སོའི་བླ་མ་ལ་ཡང་དོགས་པ་ཡོད་པའི་གནས་སྟངས་ཤིག ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོང་གི་འདུག དེར་བརྟེན། ཚང་མས་དེའི་སྒང་ལ་གཟབ་གཟབ་གནང་དགོས་ཀྱི་འདུག་”ཅེས་དང་། ཁོང་གིས་མཐར་གྲྭ་ཚང་གི་དགེ་འདུན་པ་ཚོའི་སློབ་གཉེར་བྱེད་ཕྱོགས་དང་འབྲེལ་ནས་གསུང་དོན། “ཀིརྟི་རིན་པོ་ཆེས་ད་ལྟའི་བར་དུ་སྐུ་ངལ་བསྐྱོན་པ་དེ། ཁྱེད་རང་ཚོས་ངོས་ནས་རྒྱུན་མཐུད་ཀྱི་ཡོད་པ་ཡག་པོ་རེད། ཕྱི་ནང་གི་མཐུན་རྐྱེན་གང་འཚམས་ཡག་པོ་རེད། དེར་བརྟེན། ང་ཚོས་བོད་སྤྱི་པའི་དོན་དུ་འགན་ཁུར་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། ད་ལྟའི་བར་དུ་ཀིརྟི་གྲྭ་ཚང་གི་གྲྭ་པ་ཕྱི་ལོག་ནས་མཐོང་ཆེན་པོ་ཡོད་ས་དེ་འདྲ་ཡོད་པ་རེད། མ་འོངས་པ་ཡིན་ན་ཡང་ལམ་ཁ་དེ་མུ་མཐུད་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ལ་རིག་གནས་ཀྱི་མ་རྐང་འཛིན་ཐུབ་པ་གནང་རོགས་”ཞེས་འབོད་སྐུལ་དང་སྦྲགས་གསུངས་སོང་།

དེ་རྗེས་སྐབས་དང་པོའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་གཙོ་ཨ་ལགས་མཁས་ཚང་གིས། ཀིརྟིའི་དགེ་རྩ་ཚོགས་པ་ཐོག་གསར་འཛུགས་གནང་ཕྱོགས་དང་འབྲེལ་ནས་ཚོགས་འདུ་ངོ་སྤྲོད་ཀྱི་གཏམ་བཤད་གནང་དོན། ཚོགས་པ་འདི་འཛུགས་དགོས་དོན་གཙོ་བོ་རིན་པོ་ཆེའི་དགོངས་པ་གཞིར་བཟུང་གིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤེལ་ཐབས་དང་། ཁྱད་པར་སེམས་ཅན་གྱི་དཀའ་ངལ་སེལ་ཆེད་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་ཁ་ཕྱོགས་པའི་ཚོགས་པ་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད། དེ་ཡང་འདས་པའི་ལོ་༦༠༠ ལྷག་གི་རིང་སྐབས་མགོན་ཀིརྟི་རིམ་བྱོན་གྱིས་བོད་ཡུལ་སྤྱི་དང་། ལྷག་པར་དུ་མདོ་སྨད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། སྤྱི་ཚོགས་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་མཛད་པ་རྒྱ་ཆེན་པོ་བཞེས་ཡོད་པ་དང་། དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཐབས་སོགས་ཀྱི་ཐད་ནས། ཚོགས་པ་འདིས་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། བོད་སྤྱི་དང་བྱེ་བྲག་འབྲེལ་ཡོད་སྤྱི་ཚོགས་ཀྱི་ནང་ལ་ཡང་ཤེས་ཡོན་ཡར་རྒྱས་ཡོང་ཐབས་སུ། ལས་དོན་སྒྲུབ་ཕྱོགས་སོགས་མདོར་ན་སྐྱབས་མགོན་ཀི་རྟིའི་རིན་པོ་དགོངས་པ་ལྟར་ལས་ཀ་བྱེད་བཞིན་ཡོད་ཅེས་བརྗོད་སོང་།

ཀིརྟི་རིན་པོ་ཆེའི་བླ་བྲང་དེ་ཀིརྟི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་དེ་ཚོགས་པའི་ལས་དོན་བྱེད་མཁན་གྱི་རྒྱུན་ལས་འོས་འདེབས་བྱས་ཏེ། སྐབས་དང་པོའི་རྒྱུན་ལས་ཀྱི་ལས་དུས་རྫོགས་པ་དང་། སྐབས་གཉིས་པའི་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།

ཚོགས་པ་དེས་ཀིརྟིའི་དགེ་རྩ་ཚོགས་པའི་དམིགས་ཡུལ་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་གཞི་གསར་རྩོམ་ཇི་འདྲ་ཞིག་སྤེལ་དགོས་སྐོར་དང་། ཀིརྟིའི་དགེ་རྩ་ཚོགས་བླ་ན་མེད་པའི་དབུ་ཁྲིད་༧ སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཞབས་བརྟན་ཅིང་། རླབས་ཆེན་མཛད་འཕྲིན་རྒྱས་ཐབས་ཇི་དགེའི་སྐོར་སོགས་གྲོས་གཞི་མི་འདྲ་བ་ཁག་ཅིག་གི་ཐོག་བགྲོ་གླེང་བྱ་རྒྱུ་རེད་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།