གྲྭ་བཙུན་གྱིས་དང་བླང་ཐོག་ལམ་ཁ་ཉམས་གསོ།
འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཟླ་འདིའི་ཚེས་༦ བོད་ཟླ་གསུམ་པའི་ཚེས་ ༡༥ ཉིན་གྲུབ་དབང་རྫོགས་ཆེན་དགོན་པའི་གྲྭ་བཙུན་རྣམས་ཀྱིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལམ་ཁ་ཉམས་གསོའི་ལས་འགུལ་ཞིག་སྤེལ་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་གཞིས་ཆགས་ནི་གཞིས་ཆགས་གཞན་དང་བསྡུར་ན་འཚོ་བའི་མཐུན་རྐྱེན་སྐྱོ་གྲས་སུ་ཡོད་པ་ལྟར་གཞིས་ཆགས་ཀྱི་གློག་དང་འཐུང་ཆུ། ལྷག་པར་འགྲུལ་ལམ་ཡག་པོ་མེད་པའི་དཀའ་ངལ་ཤུགས་ཆེན་ཡོད་པ་རེད། གོང་ཚེས་སྟོན་པ་ཐུགས་རྗེ་ཅན་གྱིས་དཔལ་དུས་ཀྱི་འཁོར་ལོ་གསུངས་པའི་དུས་ཚེས་ཉིན་དང་བསྟུན་ནས་གྲུབ་དབང་རྫོགས་ཆེན་དགོན་གྱི་གྲྭ་བཙུན་༣༠ ལྷག་གིས་ཀོ་ལེ་གྷལ་གཞིགས་ཆགས་ཀྱི་འགྲིམ་འགྲུལ་ལམ་ཁག་ཉམས་གསོ་བྱས་ཡོད་པ་རེད། འབྲེལ་མཐུད་པས་བརྗོད་དོན་ལྟར་ན། ང་ཚོའི་དགོན་པའི་ངོས་ནས་འདྲུད་འཁོར་དང་། ས་སྐོ་རྡོ་སྔོག་གི་ཆེད་དུ་ལག་ཆ་ཁྱེར་ནས་དང་བླངས་ཀྱིས་ལས་འགུལ་ལ་ཞུགས་པ་ཡིན། དེ་ཆོས་ཕྱོས་ནས་བཤད་ན་ལམ་ཁ་ཉམས་གསོ་དང་གསར་བཟོ་བྱེད་པ་འདི་ནི་དགེ་བ་ཁྱད་འཕགས་ཞིག་ཡིན་པ་དང་། ལྷག་པར་ཀོ་ལེ་གྷལ་ཞིས་ཆགས་ཀྱི་ལམ་ཁ་ནི་ཉམས་གསོ་དང་། གསར་སྐྲུན་བྱ་དགོས་པའི་གནས་སུ་ཡོད་པ་རེད། གཞིས་ཆགས་སྲ་བརྟན་བྱེད་རྒྱུ་གལ་ཆེན་ཡིན་པ་བཞིན་གཞིས་ཆགས་ཀྱི་ལམ་ཁ་དང་འཐུང་ཆུ། གློག་སོགས་ཡག་པོ་དགོས་པ་གལ་ཆེན་མཐོང་གི་འདུག ཡིན་ནའང་། ང་ཚོས་བྱེད་ཐུབ་པ་ནི་འདི་ཙམ་ལས་ཕན་ཐོགས་པའི་བྱ་བ་རྒྱ་ཆེན་པོ་ཡོད་པ་མ་རེད། འོན་ཀྱང་བྱུང་འགྱུར་གང་ཐུབ་ཀྱིས་ལས་གཞི་འདི་རིགས་ལ་ཞུགས་འདོད་ཡོད་ཅེས་གསུངས་སོང་།
མེ་སོར་གསར་འགོད་པས།