བོད་དང་རྒྱལ་སྤྱིའི་མིག་མང་རྩེད་མོའི་མཐུན་ཚོགས་དབར་གྲོས་ཆོད།

ཟླ་འདིའི་ཚེས་༨ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་མིག་མང་(Chess) རྩེད་མོའི་མཐུན་ཚོགས་དབར་སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་པ་རེད།

གྲོས་ཆོད་དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མིག་མང་གི་རྩེད་རིགས་དེ་བཞིན་སློབ་གྲྭའི་ནང་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་ཞིག་ལ་ངོས་འཛིན་བྱ་རྒྱུ་དང་། ཕྱོགས་གཉིས་དབར་མཐུན་འབྲེལ་གྱི་ལམ་ནས་ཤེས་ཡོན་གྱི་དམིགས་ཡུལ་རྣམས་བསྒྲུབ་ཐུབ་པ་བྱ་རྒྱུ་སོགས་ཡིན་འདུག

དེ་ཡང་ཟླ་འདིའི་ཚེས་༨ ཉིན་ཆུ་ཚོད་༢ ཙམ་ལ་བཀའ་ཤག་ཚོམ་ཆེན་དུ་བཀའ་ཁྲི་བློ་བཟང་སེང་གེ་དང་ཁེལ་མུཀ་གི་སྲིད་འཛིན་ཟུར་པ་རྒྱལ་སྤྱིའི་མིག་མང་རྩེད་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀིར་སན་ཨིལ་ཡུམ་ཛི་ནོབ་གཉིས་ཀྱིས་གྲོས་ཆོད་དེར་མཚན་རྟགས་བཀོད་ཡོད། གྲོས་ཆོད་ནང་འཁོད་པའི་དོན་ཚན་ཁག་གཤམ་གསལ།

༡༽སྒྲིག་འཛུགས་གཉིས་དབར་མཐུན་འབྲེལ་ལས་འཆར་གྱི་སྒྲོམ་གཞི་གཏན་འབེབས་བྱ་རྒྱུ།
༢༽ཕྱོགས་གཉིས་ཀའི་དམིགས་ཡུལ་རྣམས་དོན་འཁྱོལ་ཡོང་ཆེད་ལས་འཆར་གྱི་སྒྲོམ་གཞིའི་ཐོག་མཉམ་རུབ་བྱ་རྒྱུ།
༣༽ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཐོག་ཕྱོགས་གཉིས་ནས་ཧུར་སྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུ།
༤༽བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལམ་ལུགས་ནང་མིག་མངས་ལག་རྩེད་འཇོགས་ཏེ་སློབ་ཕྲུག་ཚོའི་ཁྲོད་དོ་སྣང་རྒྱ་ཁྱབ་ཏུ་སྤེལ་ཐབས་བྱ་རྒྱུ།

༥༽སློབ་གྲྭ་དང་སློབ་ཕྲུག་ཕན་ཚུན་དབར་མིག་མངས་ལག་རྩེད་ཀྱི་རྩེད་འགྲན་གོ་སྒྲིག་བྱ་རྒྱུ།༼ས་གནས་དང་རྒྱལ་ཡོངས།༽

༦༽ད་ལྟའི་གྲོས་མཐུན་དེ་འབྱུང་འགྱུར་ཕྱོགས་གཉིས་ཀྱི་ལས་གཞི་དེ་བཞིན་གཞི་ རྒྱ་ཆེ་རུ་གཏོང་ཆེད་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་ངོས་འཛིན་ཞུ་རྒྱུ།
༧ ༽སློབ་གྲྭའི་ནང་མིག་མངས་ལག་རྩེད། ཅེས་ཤེས་ཡོན་ཡར་རྒྱས་ལ་དམིགས་པའི་ལས་གཞི་དེ་དངོས་སུ་ལག་བསྟར་ཐུབ་ཆེད་ཕྱོགས་ གཉིས་ཀྱིས་ཕན་ཚུན་མཐུན་འགྱུར་གང་ཡོང་ཞུ་རྒྱུ།
༨༽ལས་གཞི་འདིའི་ནང་ཕྱི་ལོ་ ༢༠༡༢ ལོའི་སློབ་དུས་གསར་པའི་སྐབས་མིག་མངས་ལག་རྩེད་ནང་མཉམ་ཞུགས་གནང་མཁན་གྱི་སློབ་ ཕྲུག་ཚོའི་སློབ་གྲྭའི་ནང་མིག་མངས་ལག་རྩེད་ཀྱི་འཛིན་གྲྭ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།