མེར་བསྲེག་གི་ལས་འགུལ་གླེང་བའི་བགྲོ་གླེང་།
ཁ་ཤས་ཀྱིས་ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་སོགས་ཀྱི་ཤོག་ཁག་ཅུང་གུ་ཡངས་པ་ཡིན་པ་དང་། པའོ་ཤི་ལི་ཡི་ཤོག་ཁག་མཁྲེགས་བཟུང་ཅན་ཡིན་སྐོར་ལྟ་བུ་བཤད་ཀྱི་ཡོད་ཀྱང་། བྱེད་སྟངས་གཅིག་པ་རེད། པའོ་ཞི་ལི་ལ་ནག་ཉེས་ག་རེ་ཡོད་ཀྱང་། ཁྲིམས་ལུགས་ལྟར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད་པ་མ་རེད་ཅེས་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་གྱིས་བརྗོད་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཉིན་རྒྱབ་དབུ་མའི་ལས་འགུལ་ཁང་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག མེར་བསྲེག་གི་ལས་འགུལ་གླེང་བ་ཞེས་པའི་བགྲོ་གླེང་ཞིག་དྷ་ས་མེག་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་འཚོགས་སོང་།
བགྲོ་གླེང་ཐོག་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཞི་ལི་ཕྱིར་ཕུད་ཀྱི་གནད་དོན་ཐད་ནས་རྒྱ་ནག་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས་པའོ་ཞི་ལི་ཡི་མི་རྒྱུད་དང་དམར་ཤོག་ཚོགས་པའི་བར་གྱི་འབྲེལ་བའི་སྐོར་ངོ་སྤྲོད་མདོར་བསྡུས་བྱས་པ་དང་འབྲེལ། རྒྱ་ནག་གི་དཔོན་རིགས་ཀྲུང་ཡང་ཁེང་དང་པའོ་ཞི་ལི་སོགས་ཀྱི་ཤོག་ཁག་ད་། ཧུའུ་ཅིན་ཐའོ་སོགས་ཀྱི་ཤོག་ཁག་བར་ཆབ་སྲིད་ཀྱི་གོ་གནས་ལ་འགྲན་རྩོད་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་སོང་།
ཁོང་གིས་མུ་མཐུད་གསུང་དོན། པའོ་ཞི་ལི་ལ་ཐག་གཅོད་བྱས་པ་དེ། ཁ་ཤས་ཀྱིས་ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་སོགས་ཀྱི་ཤོག་ཁག་ཅུང་གུ་ཡངས་པ་ཡིན་པ་དང་། པའོ་ཤི་ལི་ཡི་ཤོག་ཁག་མཁྲེགས་བཟུང་ཅན་ཡིན་སྐོར་ལྟ་བུ་བཤད་ཀྱི་ཡོད་ཀྱང་། བྱེད་སྟངས་གཅིག་པ་རེད། པའོ་ཞི་ལི་ལ་ནག་ཉེས་ག་རེ་ཡོད་ཀྱང་། ཁྲིམས་ལུགས་ལྟར་ཞིབ་འཇུག་བྱས་ཏེ། ཁྲིམས་ཁང་ནས་ཐག་གཅོད་དགོས་ཀྱི་ཡོད་ནའང་། དམར་ཤོག་ནང་ཁུལ་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་སོང་།
དེ་བཞིན་ཁོང་གིས། ཉེ་ཆར་རྒྱ་ནག་དབུས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་པོ་ཤི་ལི་ལས་གནས་ལས་གནས་དབྱུང་དང་། ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་ལ་ཉེན་ཡོལ་དུ་སོང་བ། རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོས་ལྐོག་ཟ་རུལ་སུངས་དང་གོ་ས་རྩོད་ལེན་བྱེད་ཀྱི་ཡོད་པའི་གནས་སྟངས་འོག ད་ལྟའི་ཆར་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་དེ་ཆེས་ཛ་དྲག་ཅིག་ཆགས་ཡོད་པར་བརྟེན། མ་འོངས་པར་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཐེབས་ཐུབ་པའི་རེ་བ་ཡོད་སྐོར་དང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ལྐོ་ཟ་བྱེད་ཀྱི་ཡོད་པ། དཔེར་ན། པོ་ཤི་ལི་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་སོ་སོའི་བུ་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་དུ་བཏང་ཡོད་པ་དང་། ཨ་སྒོར་དུང་ཕྱུར་༦༠ ལྷག་ལྐོག་ཟ་བྱས་ནས་ཕྱི་རྒྱལ་དུ་བཏང་ཡོད་སྐོར། དེ་ལ་བུད་མེད་བརྒྱ་ལྷག་གི་མཉམ་དུ་ལས་ཀ་འདྲ་མིན་བྱས་ནས་དངུལ་དུང་ཕྱིར་མང་པོའི་འགྲོ་སོང་བཏང་ཡོད་ཡོད་སྐོར། རྩ་བའི་ལྐོག་ཟ་བྱེད་པའི་གནས་སྟངས་དེ་ཤེས་མ་ཤེས་ཤིག་རེད་མ་གཏོགས་རྒྱ་གཞུང་གི་དབང་འཛིན་པ་ཚང་མས་གཞུང་རྒྱུ་སྒེར་ཟ་བྱེད་ཀྱི་ཡོད་པ་གཏན་ཁེལ་རེད། དེར་བརྟེན། མ་འོངས་པར་རྒྱ་གཞུང་གིས་ང་ཚོའི་ཆེད་དུ་ཆབ་སྲིད་ལ་འགྱུར་བ་མ་བཏང་རུང་། མང་ཚོགས་ཀྱིས་གཞུང་ལ་ཡིད་ཆེས་མེད་པར་ཡར་ལངས་ཆོག་ཆོག་བྱས་ནས་བསྡད་ཡོད་པ་སོགས་ཀྱི་གནས་སྟངས་འོག རྒྱ་གཞུང་དམར་ཕྱོགས་ཀྱི་སྲིད་ཇུས་དེ་ལ་འགྱུར་བ་ཞིག་ཐེབས་པའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།
བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་གྱིས་མེར་ལས་འགུལ་རྗེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། རང་ལུས་མེར་བསྲེག་གི་ལས་འགུལ་བྱུང་རྗེས་འཛམ་གླིང་རྒྱལ་སྤྱིའི་སྒང་ལ་ནུས་ཤུགས་ཆེན་པོ་ཐོན་ཡོད་པ་གསལ་པོ་ཡིན་ན་ཡང་། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་འགྱུར་བ་བཟང་པོ་གང་ཡང་སོང་ཡོད་མ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་ངལ་དཔལ་འབྱོར་རྗེས་ལུས་དང་། སྤྱི་ཚོགས་བརྟན་ལྷིང་མེད་པ་རེད་ཅེས་བོད་ནང་དཔལ་འབྱོར་གྱི་འགྲོ་གྲོན་བཏང་སྟེ་དེང་སང་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱེད་སའི་ས་ཆ་ཚང་མར། སྐད་ཆ་དེ་འདྲ་མི་ཡོང་བའི་ཐབས་ཤེས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་དང་། མི་མང་མགོ་སྐོར་གྱིས་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཆེད་ལས་དོན་མང་པོ་བསྒྲུབ་ཁུལ་བྱེད་ཀྱི་ཡོད་སྐོར་དང་། དོན་ངོ་མར་རྒྱ་གཞུང་གིས་བོད་མི་ཚོས་མི་རིགས་ལ་བཅངས་པའི་འདུ་ཤེས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་རེད། བརྟན་ལྷིང་མེད་པ་ཏཱ་ལའི་རི་ཚོགས་ཀྱིས་བྱེད་ཀྱི་སྐོར་བརྗོད་དེ་དེར་ངོ་རྒོལ་དགོས་པའི་ལས་འགུལ་མང་པོ་སྤེལ་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
ཁོང་གིས། རང་ལུས་མེར་བསྲེག་གི་ལས་འགུལ་དེ་ཕྱི་ལོགས་སུ་ཤུགས་ཆེན་པོ་ཁྱབ་ཐུབ་ཡོད་ཀྱང་། རྒྱ་ནག་ནང་ཁུལ་ལ་རྒྱ་གཞུང་གིས་གནས་ཚུལ་ཆེན་པོ་དེ་ཆུང་ཆུང་བཟོས་པ་དང་། ཆུང་ཆུང་དེ་མེད་པ་བཟོས་ཡོད་པའི་གནས་སྟངས་འོག མི་མང་ཆེ་བས་ཤེས་རྟོགས་ཐུབ་མེད་སྐོར་དང་། རྩ་བའི་རྒྱ་གཞུང་གིས་ཚོགས་འདུ་མང་པོ་ཞིག་འཚོག་གི་ཡོད་ཀྱང་། ཚོགས་འདུ་དེ་ཚོའི་ནང་ལ་དངོས་གནས་བོད་ཀྱི་རྩ་དོན་ཐད་ལྷག་བསམ་རྣམ་དག་གིས་གླེང་སློང་བྱས་མེད་པ་མ་ཟད། ཁ་བྲལ་རིངས་ལུགས་དང་ཏཱ་ལིའི་རུ་ཚོགས་ཞེས་ཁ་རྡུང་གཏོང་གི་ཡོད་སྐོར་སོགས་བརྗོད་སོང་།
ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་སངས་རྒྱས་སྐྱབས་ཀྱིས་རང་ལུས་མེར་བསྲེག་གི་ལས་འགུལ་དེར་རྒྱ་ནག་གི་ཤེས་ཡོན་པ་ཚོའི་བལྟ་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། རྩ་བའི་རྒྱལ་ཁབ་བམ་མི་རིགས་ཤིག་གི་མི་ཚང་མས་བོད་དོན་ལ་རྒྱབ་སྐྱོར་ཡོང་རྒྱུ་མི་སྲིད་པ་ཞིག་ཡིན་ན་ཡང་། བོད་མིའི་རང་ལུས་མེར་བསྲེག་གི་ཐད་ལ། རྒྱ་ནག་གི་ཤེས་ལྡན་པ་ཚོའི་ནང་ལ་དྲང་བདེན་ལ་ཕྱོགས་པའི་སྐད་ཆ་བཤད་མཁན་དཀོན་པོ་ཡིན་པ་མ་ཟད། རྒྱ་ནག་གི་ཤེས་ལྡན་པ་མང་པོ་ཞིག་གནད་དོན་དེའི་ཐད་གོ་མེད་ཚོར་མེད་དུ་བསྡད་དེ། ལས་འགུལ་དེ་དང་འབྲེལ་བའི་སྐོར་གྱི་སྐད་ཆ་གང་ཡང་བཤད་ཀྱི་མེད་སྐོར་ངོ་སྤྲོད་བྱས་པ་དང་། ལས་འགུལ་དེའི་སྐོར་ལ་སྐད་ཆ་བཤད་མཁན་ཁ་ཤས་ཤིག་ཡོད་པ་ཚོས་ཀྱང་། ཤེས་ལྡན་མི་སྣ་ཞིག་གིས་འགྲོ་བ་མིའི་བདེ་སྡུག་གི་ཆེད་བསམ་བློ་བཏང་ཏེ། ཤེས་ལྡན་མི་སྣའི་འགན་ཁུར་ཏེ་དྲང་བདེན་གྱི་སྐད་ཆ་བཤད་མེད་པ་མ་ཟད། བོད་མི་རང་ལུས་མེར་བསྲེག་གཏོང་མཁན་ཚོའི་གནས་ཚུལ་ཐད། མུ་མཐུད་ནས་མེར་བསྲེག་ཐོངས་དང་ཚང་མ་རྫོགས་འགྲོ་ཡི་རེད་ཟེར་དང་། སོད་སོད་ཟེར་བ་སོགས་ཀྱི་སྐད་ཆ་ཞིག་བཤད་ཀྱི་ཡོད་སྐོར་དང་། དེ་བཞིན་རྒྱ་རིགས་ཡིན་པ་ལ་བོད་ཀྱི་རང་ལུས་མེར་བསྲེག་གི་ལས་འགུལ་དེ་ལ། རྒྱབ་སྐྱོར་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཚོ་རྒྱ་ནག་གི་ཕྱི་ལོགས་སུ་བཞུགས་ཡོད་པ་ལས། རྒྱ་ནག་ནང་དུ་ཤེས་ཡོན་པ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
གཏམ་བཤད་རྗེས་ཚོགས་ཞུགས་པའི་དྲི་བར་ལན་འདེབས་བྱས་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་ཚོགས་ཞུགས་པ་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་རེད།།