རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་དགོངས་རྫོགས།
དེ་རིང་ཞོགས་པར་དྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྟུའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་དགོང་རྫོགས་མཆོད་འབུལ་ཞིག་འཚོགས་པ་དང་། ཚོགས་མགོན་དུ་ཀིརྟི་རིན་པོ་ཆེ་ཕེབས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པའི་སྟེང་། དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས། བོད་མི་རིགས་ཀྱི་རང་དབང་དང་བདེ་སྡུག་གི་ཆེད་རང་ལུས་ཞུགས་འབུལ་བྱས་ཏེ། ཞགས་༤༩ འཁོར་བའི་དགོངས་རྫོགས་མཆོད་འབུལ་ཞིག་འཚོགས་སོང་། དགོངས་རྫོགས་མཆོད་འབུལ་ཐོག་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གཙོས་པའི་མཚན་ཉིད་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་། ཀིརྟི་གྲྭ་ཚང་གི་དགེ་འདུན་པ་རྣམས་དང་། གཞན་ཡང་བཞུགས་སྒར་དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་བྱས་འདུག
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་བདེ་སྡུག་གི་ཆེད་རང་ལུས་ཞུགས་འབུལ་བྱས་ཏེ། ཞགས་༤༩ འཁོར་བའི་དགོངས་རྫོགས་འདི་བཞུགས་སྒར་ཙམ་མ་ཡིན་པར། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོད་སའི་ས་གནས་ཚང་མ་ནས་དེ་རིང་དགོངས་རྫོགས་མཆོད་འབུལ་འདི་བཞིན་འཚོག་གི་ཡོད་པ་རེད།
འདི་ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱས་པདང་། སྐབས་དེར་ཕྱི་ཟླ་༣ ཚེས་༢༦ ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།