བོད་ཀྱི་ཨ་མ་ཚོས་པཎ་ཆེན་འཚོལ་བའི་ལས་འགུལ།
དེ་རིང་ཞོགས་པ་དྷ་སའི་ས་གནས་བུད་མེད་ལྷན་ཚོགས་ཀྱིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ༡༧ འཁོར་བ་དང་སྟབས་བསྟུན། ཀྲུའུ་ཝེ་ཆོན་ལ་རིན་པོ་ཆེའི་གནས་སྟངས་གསལ་འདོན་དགོས་པའི་འབོད་སྐུལ་ཡི་གེ་ཞིག་གཏོང་གི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་ཐོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། དྷ་སའི་ས་གནས་བུད་མེད་ཀྱི་གོ་སྒྲིག་འོག ༧པཎ་ཆེན་ཆུང་སྲིད་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙོན་འཇུག་བྱས་ནས། ལོ་ངོ་ཧྲིལ་པོ་༡༧ འཁོར་བ་དང་སྟབས་བསྟུན། ཁོང་གི་ད་ལྟའི་གནས་སྟངས་གསལ་འདོན་དང་། གང་མགྱོགས་གློད་གྲོལ་ཡོང་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་རང་སྐྱོང་ལྗོངས་ཟེར་བའི་ཏང་ཨུད་ཧྲུའི་ཅི་གཞོན་པ་པདྨ་འཕྲིན་ལས་སོགས་ཀྱིས། ༧པཎ་ཆེན་སྐུ་ཕྲེང་༡༡ པ་དང་ཁོང་གི་ནང་མི་རྣམས། བདེ་འཇགས་ངང་འཚོ་བ་རོལ་ནས་བསྡད་ཡོད་ཚུལ་བཤད་ཀྱང་། ད་ཕན་ཁོང་གི་གྲིབ་མ་ཙམ་ཡང་བོད་མི་ཚོའི་མདུན་དུ་གསལ་སྟོན་བྱས་མེད་པས། དེ་རིང་གི་གོ་སྐབས་འདི་བརྒྱུད་འདི་གའི་ས་གནས་བུད་མེད་ལྷན་ཚོགས་ནས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་ངེས་པར་དུ་གསལ་སྟོན་བྱ་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཡིན་ཞེས་དང་།
ཡང་གསལ་བསྒྲགས་དེར་མུ་མཐུད་འཁོད་དོན། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པད་མ་འཕྲིན་ལས་བརྒྱུད་༧ པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་འཚམས་འདྲིའི་ཤོག་བྱང་ཞིག་བསྐུར་རྒྱུ་དང་། ཤོག་བྱང་དེའི་ནང་༧ གོང་ས་མཆོག་གིས་བོད་རང་གི་སྔར་གྱི་སྲོལ་རྒྱུན་ལྟར། སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་ཀྱི་ཐད་ནས། ༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་གནང་པའི་རྗེས། ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༡༧ སོང་ཡོད་ན་ཡང་། ལོ་ངོ་དེ་དག་གི་རིང་བོད་ཀྱི་ཨ་མ་ཚོས་རང་གི་བརྩེ་བའི་བུ་ཆུང་དྲན་པའི་མིག་ཆུ་མཚམས་ཆད་མྱོང་མེད་པ་དང་། བུ་ཆུང་ཁྱེད་ས་གནས་གང་དུ་བཞུགས་ཡོད་མེད་སོགས་ཀྱིས། བོད་ཀྱི་ཨ་མ་ཚོ་དུས་ནམ་ཡང་གདུང་བས་མནར་བཞིན་ཡོད་པས། བརྩེ་བའི་བུ་ཆུང་ཁྱེད་དང་མགྱོགས་པོར་མཇལ་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་འཁོད་འདུག
༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ༧་གོང་ས་མཆོག་གིས་༧ པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་ནས་བཟུང་། རྒྱ་གཞུང་གིས་ཁོང་གི་ཡབ་ཡུམ་དང་། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་ལོ་ངོ་ཧྲིལ་པོ་༡༧ འཁོར་བའི་ཉིན་མོ་འདིར། ས་གནས་བུད་མེད་ཀྱི་རྒྱུན་ལས་ཡོད་སའི་ས་ཆ་ཚང་མ་ནས། ༧ པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་འདོན་དང་། གང་མགྱོགས་གློད་གྲོལ་ཡོང་ཆེད་ས་རྟགས་བསྡུ་རུབ་བྱས་ཏེ། སྦྲགས་ཁང་བརྒྱུད་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ཀྲུའུ་ཝེ་ཆོན་ལ་གཏོང་རྒྱུ་ཡིན་འདུག ཉེ་ཆར་བྱ་བྲལ་རིན་པོ་ཆེ་སྐུ་གྲོངས་ཟིན་པའི་གནས་ཚུལ་ཡང་བརྒྱུད་ལམ་ཁག་ཏུ་སླེབས་འདུག །