ཨ་མ་ལྡོམ་པ་སྐྱིད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག
དེ་རིང་ཞོགས་པར་ཨ་མ་ལྡོམ་པ་སྐྱིད་ཀྱི་ཆུ་ཚོད་༤༨ རིང་གི་ཟས་བཅད་ངོ་རྒོལ་མཚམས་འཇོག་གི་མཛད་སྒོ་ཞིག་འཚོགས་ཏེ། ནང་མི་ཞིག་གིས་བོད་མི་རིགས་ཀྱི་ཆེད་ཡོད་ཚད་བློས་བཏང་བྱས་པ་དེ་ང་ཚོའི་འཐབ་རྩོད་ཀྱི་ལོ་རྒྱུས་གསར་པ་ཞིག་རེད་ཅེས་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༨། ༣༠ ཀྱི་སྟེང་། ཕྱི་ཚེས་༡༧ ཉིན་འགོ་བཙུགས་པའི་ཨ་མ་ལྡོམ་པ་སྐྱིད་ཀྱིས་ཁོང་མ་བུ་གསུམ་གྱི་དགོས་འདུན་ཁག་འགྲུབ་ཆེད། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཆུ་ཚོད་༤༨ རིང་གི་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དེ་མཇུག་བསྡོམས་ཀྱི་མཛད་སྒོ་ཞིག་མདོ་སྨད་དབུས་རྒྱུན་ནས་གོ་སྒྲིག་བྱས་འདུག
མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཨ་མ་ལྡོམ་པ་སྐྱིད་ལ་ཤིང་ཏོག་གི་ཁུ་བ་སྤྲད་དེ་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་སོང་། དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏམ་བཤད་གནང་སྐབས། བོད་ནང་གི་གནས་སྟངས་རྩ་བའི་ཛ་དྲག་པོར་གནས་ཡོད་ན་ཡང་། དགོན་སྡེ་ཁག་ཁ་ཤས་རེ་ལ་རྒྱ་གཞུང་གིས་སྲིད་ཇུས་ཅུང་གུ་ཡངས་གཏོང་གི་ཡོད་པས། རྒྱ་གཞུང་གི་བོད་ཐོག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་ཏོག་ཙམ་རེ་འགྲོ་གི་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས་ཁོང་མ་བུ་གསུམ་གྱིས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ཆོད་སེམས་བརྟན་པོའི་ཐོག་ནས། མ་བསྐུལ་དང་བླངས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་བར་འགྲོ་འཆར་གྱི་བོད་དོན་ལས་འགུལ་སྤེལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ནང་མི་ཞིག་ཚང་མས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ། བློས་བཏང་བྱས་པ་དེ་ང་ཚོའི་འཐབ་རྩོད་ཀྱི་ལོ་རྒྱུས་གསར་པ་ཞིག་རེད་ཅེས་བརྗོད་སོང་།
དེ་རྗེས་ཨ་མ་ལྡོམ་པ་སྐྱིད་ཀྱིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དགེ་འདུན་པ་རྣམ་པ་མི་མང་བཅས་ཚང་མར་དེ་རིང་འདིར་ཕེབས་པ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། མ་འོངས་པར་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཙོས་པའི་ཉི་ཟླ་སྐར་གསུམ་བོད་དུ་འཛོམས་ཐུབ་པའི་སྨོན་འདུན་དང་། ཞི་བདེ་ལ་དགའ་བའི་མང་ཚོགས་ཚང་མ་མ་བུ་ལྷན་འཛོམས་ཡོང་བར་ཚང་མས་སྨོན་ལམ་རྒྱག་རོགས་ཞེས་བརྗོད་སོང་།
མཐར་བུ་མོ་ལྷ་མོ་སྐྱིད་ཀྱིས། བོད་མི་རིགས་ཀྱི་རྩ་དོན་ཆེད་བོད་མི་ཚང་མར་འགན་ཡོད་དུས། ནམ་རྒྱུན་ཁ་ནས་བཤད་བསྡད་པ་གཅིག་པུ་མ་ཡིན་པར། སོ་སོས་གང་ཐུབ་ཀྱིས་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་རེད། དེང་སང་ང་ཚོའི་སྤྱི་ཚོགས་སུ་ཁ་ནས་བཤད་བསྡད་པ་ལས། ལག་ལེན་ལ་འཇུག་མཁན་དཀོན་པོ་རེད། དེ་ཡིན་དུས་ངའི་རེ་བ་ལ་ཁ་ནས་བཤད་བསྡད་པ་དང་། རྐུབ་བཀྱག་སྒང་ལ་བསྡད་བསྡད་པ་གཅིག་པུ་མ་ཡིན་པར་ལག་ལེན་ལ་བསྟར་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་སོང་།
མདོ་སྨད་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཀྱིས། ཁོང་མ་བུ་གསུམ་གྱིས་ཟླ་བ་༢ དང་ལྷག་གི་རིང་། བོད་དོན་ཆེད་གོམ་བགྲོད་བྱས་ཡོད་པ་དང་ད་ལྟ་ཨ་མ་ལྡོམ་པ་སྐྱིད་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པར་བརྟེན། ང་ཚོས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱེད་དགོས་པའི་རེ་བ་བྱས་པ་ལྟར། ཨ་མའི་ངོས་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
གླིང་ཚ་མ་བུ་གསུམ་གྱིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་འགོ་འཛུགས་ཀྱིས། བོད་ཀྱི་རྒྱལ་ས་ལྷ་ས་བར་འགྲོ་ཆར་གྱི་གོམ་བགྲོད་ཀྱིས་འགྲོ་སྐབས། ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཁོང་མ་བུ་གསུམ་བལ་ཡུལ་ཉེན་རྟོག་པས་བཀག་འགོག་བྱས་ཏེ། ཨ་མ་ལྡོམ་པ་སྐྱིད་དང་བུ་མོ་ལྷ་མོ་སྐྱིད་གཉིས་ཕྱིར་རྒྱ་གར་དུ་ཡོང་དགོས་བྱུང་ཡོད་པ་དང་། ཚེ་བརྟན་རྡོ་རྗེས་ད་དུང་མུ་མཐུད་བལ་ཡུལ་ནང་དུ་གོམ་བགྲོད་ཀྱིས་བསྐྱོད་བཞིན་ཡོད་པ་རེད།།