མ་འོངས་པར་འགོ་ཁྲིད་ཡག་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད།

sonam tenphel_21_5_2012དེ་རིང་ཞོགས་པར་“དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་”ཅེས་པའི་ཟབ་སྦྱོང་གི་མཛད་སྒོའི་ཐོག སློབ་མ་ཚོས་ངོས་ནས་ཟབ་སྦྱོང་གི་བརྗོད་གཞི་ཁག་ཡག་པོ་ཤེས་དགོས་པ་དང་། ཤེས་ནས་མ་འོངས་པའི་མི་ཚེའི་ནང་དུ་ལག་བསྟར་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་སྤྱི་འཐུས་ཚོགས་གཞོན་གྱིས་ལམ་སྟོན་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠། ༣༠ ཀྱི་སྟེང། དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། མཐོ་རིམ་སློབ་གཉེར་བ་རྣམས་ཀྱི་ཆེད་དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་༡༡ པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། tpprc_21_5_2012མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ལམ་སྟོན་གསུང་སྐབ། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དེ་འདས་པའི་ལོ་རྒྱུས་དང་ད་ལྟའི་སྤྱི་ཚོགས་གང་ནས་བལྟས་ཀྱང་། ཧ་ཅང་གི་ཛ་དྲག་ཅིག་ཆགས་པར་བརྟེན། ཁྱེད་རང་ཚོ་གཞོན་སྐྱེ་ཚོས་སློབ་སྦྱོང་གིས་ཐོག་ནས་མ་འོངས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་པ་ཐོན་ཐབས་བྱ་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་འབྲེལ། ཁོང་གིས་ཟབ་སྦྱོང་གི་བརྗོད་གཞི་ཁག བོད་མི་སྒྲིག་འཛུགས་ཀྱི་རྩ་བའི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་སྤྱིའི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་བཅས་ཡིན་སྐོར་གསལ་འདོན་གྱིས། སློབ་མ་ཚོས་ངོས་ནས་སློབ་སྦྱོང་གི་བརྗོད་གཞི་ཁག་ལ་ཐོས་བསམ་སྒོམ་བསམ་ཡ་མ་བྲལ་བའི་ཐོག་ནས་སློབ་སྦྱོང་བྱས་དེ།  ཟབ་སྦྱོང་གི་བརྗོད་གཞི་ཁག་ཡག་པོ་ཤེས་དགོས་པ་དང་། ཤེས་ནས་མ་འོངས་པའི་མི་ཚེའི་ནང་དུ་ལག་བསྟར་བྱ་དགོས་པ་གལ་ཆེན་པོ་རེད། ཁྱེད་རང་ཚོ་ན་གཞོན་ཚོའི་ངོས་ནས་སློབ་སྦྱོང་གི་ཞོར་དུ་རྩ་བའི་སོ་སོའི་མི་གཞིའི་བཟང་སྤྱོད་ཡར་རྒྱས་བཏང་སྟེ། འགྲོ་བ་མིའི་རིགས་ཚང་མས་སོ་སོ་ལ་ཡིད་ཆེས་སླེབས་པ་བྱ་དགོས་སྐོར་དང་། གཞི་རིམ་འཛིན་གྲྭ་མཐར་ཕྱིན་མཁན་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་པོ་ཡིན་པའི་ཚོར་སྣང་ཡོང་གི་ཡོད་པ་རེད། དེར་བརྟེན་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཞིར་བཞག་པའི་ཐོག་ཕྱིའི་སྐད་ཡིག་འདྲ་མིན་སྦྱང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུང་བཤད་གནང་སོང་།

བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གིས། ལས་ཁང་གི་ལས་དོན་དང་ཟབ་སྦྱོང་གི་ངོ་སྤྲོད་གནང་སྐབས། ༡༩༩༡ ལོ་ནས་བཟུང་༡༢ བར་གྱི་ཉམས་ཞིབ་ཁང་དེའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བརྗོད་དོན། ཐོག་མར་ང་ཚོས་མཐོ་རིམ་སློབ་མ་ཚོར་ཟབ་སྤྱོང་འདི་འདྲ་ཞིག་གོ་སྒྲིག་བྱས་པ་ནས་བཟུང་། སློབ་ཕྲུག་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་པ་ནང་བཞིན་ང་ཚོས་ལོ་རྟག་པར་གོ་སྒྲིག་བྱེད་ཀྱི་ཡོད་རེད། དེ་རིང་འདིར་ཕེབས་པའི་སློབ་མ་ཚོའི་ངོས་ནས་ཡིན་ན་ཡང་མ་འོངས་པར་དབུས་བོད་མའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་གང་ཞིག་ཏུ་ལས་ཀ་བྱ་རྒྱུ་ཡིན་མིན་ལ་མ་ལྟོས་པར། སྤྱི་ཚོགས་གང་དུ་ལས་ཀ་བྱས་ཀྱང་ཟབ་སྦྱོང་འདིའི་གྲུབ་འབྲས་སུ་བོད་མའི་ཚབ་མཚོན་ཐུབ་པ་ཞིག་བྱ་རོགས་ཞེས་འབོད་སྐུལ་དང་སྦྲགས་བརྗོད་སོང་།

ཐེངས་འདིའི་ཟབ་སྦྱོང་ལ་ཆེད་དུ་བཅར་བའི་མཐོ་སློབ་འདྲ་མིན་གྱི་སློབ་མ་ཁག་ཅིག་ལ་ཟབ་སྦྱོང་འདིར་ཡོང་དགོས་པའི་དམིགས་ཡུལ་དང་འབྲེལ་ནས་བཅར་འདྲི་བྱས་སྐབས།

thenle dundupརྒྱ་གར་མཱ་ཏི་ར་སུ་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་འཕྲིན་ལས་དོན་གྲུབ་ཀྱིས། “སྤྱིར་བཏང་བོད་ཀྱི་གནས་སྟངས་དེ་ང་ཚོས་བརྒྱུད་ལམ་ཁག་མང་པོ་ཞིག་ནས་ཤེས་ཐུབ་ཀྱི་འདུག ཡིན་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཡིན་པས།  ལྷན་ཁང་ཁག་གཙོས་པའི་ལས་ཁུངས་ཁག་ལ་སོ་སོས་རྒྱུས་མངའ་གསལ་པོ་ཡོང་ཆེད་དང་། མ་འོངས་པར་སོ་སོས་ཡིག་ཚད་གཏོང་རྒྱུའི་གྲ་སྒྲིག་ག་རེ་བྱེད་དགོས་ཀྱི་ཡོད་མེད། ང་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བོད་དོན་དཀའ་རྙོག་སེལ་དགོས་ཀྱི་ཡོད་སྟབས། མ་འོངས་པར་ང་ཚོས་རྒྱལ་སྤྱིའི་ཐོག་ལ་འབྲེལ་བ་བྱེད་དགོས་པ་གལ་ཆེན་པོ་རེད། དེར་བརྟེན། ཟབ་སྦྱོང་འདི་བརྒྱུད་ནས་སོ་སོའི་སློབ་ཚན་དང་འབྲེལ་བའི་ཐོག་ལ་ཕན་ཐོགས་ཡོང་གི་རེད་བསམ་ཏེ་ཡོང་པ་ཡིན་”ཞེས་བརྗོད་སོང་།

tenzin kunchokཇན་དྷི་སྒར་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་དཀོན་མཆོག་གིས། “མ་འོངས་པར་ང་རང་གིས་བོད་གཞུང་གི་ལས་ཀ་བྱ་འཆར་ཡོད། དེར་བརྟེན། སྤྱིར་བཏང་ང་རང་ཚོའི་གཞུང་ལ་རྒྱུས་མངའ་ཡོང་ཆེད་དང་། ལྷག་པར་དུ་མ་འོངས་པར་སོ་སོས་ཡིག་ཚད་གཏོང་སྐབས་ཕན་ཐོགས་ཀྱི་རེད་བསམ་ནས་ཡོང་པ་ཡིན་”ཞེས་བརྗོད་སོང་།

thobten rigzinབྷ་རོ་ཊ་མཐོ་སློབ་ཏུ་ཚོང་རིགས་སྡེ་ཚན་གྱི་སྒང་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཐུབ་བསྟན་རིག་འཛིན་གྱིས། “ཟབ་སྦྱོང་འདིའི་བརྒྱུད་ནས་བོད་གཞུང་གི་ལྷན་ཁང་ཁག་དང་ལས་ཀ་བྱེད་སྟངས་ཚང་མ་ཤེས་ཀྱི་ཡོད་རེད། དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རྗེས་མ་བོད་ཀྱི་སྤྱི་ཚོགས་ནང་ལས་ཀ་བྱེད་དགོས་ཀྱི་ཡོད་རེད། དེར་བརྟེན། སོ་སོའི་ལས་ཀ་བྱེད་ས་དེའི་སྐོར་ཡག་པོ་ཤེས་དགོས་པ་ང་རང་གིས་གལ་ཆེན་པོ་མཐོང་གི་ཡོད། དེ་དང་མཉམ་དུ་ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་དེ་དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་ཡིན་དུས། བཙན་བྱོལ་ནང་ལ་མ་འོངས་པར་འགོ་ཁྲིད་ཡག་པོ་ཡོང་རྒྱུའི་ཆེད། ཟབ་སྤྱོང་འདི་འདྲ་སྤྲད་ཐུབ་པ་ང་རང་ངོས་ནས་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། ང་རང་ཡིན་ན་ཡང་མ་འོངས་པར་བོད་མིའི་སྤྱི་ཚོགས་སུ་ལས་ཀ་བྱེད་དེ། འགོ་ཁྲིད་ཡག་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད། དེར་བརྟེན།  ཟབ་སྦྱོང་འདི་དཔེ་ཡག་པོ་མཐོང་སོང་”ཞེས་བརྗོད་སོང་།

kyi lhamoཇི་ནཡེ་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སྒང་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ་སྐྱིད་ལྷ་མོས། “བོད་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་གཞུང་གི་འགྲོ་སྟངས་དང་། སྲིད་ཇུས་དེ་ཚོ་ཤེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དམིགས་བསལ་གྱིས་ཉེ་ཆར་བོད་གཞུང་ཟེར་བ་དེ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་ཡོད་རེད། དེ་ཚོའི་ཐོག་ལ་ཁྱད་པར་ག་རེ་ཡོད་མེད་ཤེས་རྟོགས་ཡོང་ཆེད། མཐོ་སློབ་ཀྱི་ཟླ་བ་༡ གི་གུང་གསང་དེ་བེད་སྤྱད་དེ་འདིར་ཡོང་པ་ཡིན”ཞེས་བརྗོད་སོང་།

བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་འདི་ཕྱི་ལོ་༡༩༩༡ ལོར་གསར་དུ་བཙུགས་ཏེ། ལོ་ལྟར་རྟག་པར་མཐོ་སློབ་འདྲ་མིན་གྱི་སློབ་མ་ཚོར་བོད་མི་སྒྲིག་འཛུགས་ཀྱི་རྩ་བའི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་སྤྱིའི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་བཅས་ཀྱི་ཐོག་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ཐེངས་འདིར་མཐོ་སློབ་མི་འདྲ་བ་ཁག་༩ ནས་སློབ་ཕྲུག་༦༠ ཡས་མས་ཤིག་བཅར་འདུག །

ཁྱེད་ཀྱིས་གཟིགས་མེད་སྲིད།